ཨོ་ལ་ཁ་ལུ་ མགྱོགས་ལམ་གུ་ལས་ སྟེང་ཟམ་བཟོ་སྐྲུན་འབད་བའི་བསྒང་།

ཨོ་ལ་ཁ་ལུ་ སྟེང་ཟམ་བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ།

༉ ཐིམ་ཕུག་ཨོ་ལ་ཁ་ལུ་ མགྱོགས་ལམ་སྐེདཔ་བཏོགས་ཏེ་ འགྱོ་མ་དགོཔ་བཟོ་ནིའི་དོན་ལུ་ སྟེང་ཟམ་ཅིག་ བཟོ་སྐྲུན་འབད་དོ་ཡོད་མི་དེ་ ཐིམ་ཕུག་ལུ་ ད་ལྟོ་ མོ་བཏབ་ལས་འགུལ་བཟུམ་ཅིག་ཨིན་པས།
ག་དེམ་ཅིག་སྦེ་ སྟེང་ཟམ་དེ་གིས་ ལམ་འགྲུལཔ་ཚུ་ལུ་ ཕན་ཐོགས་འབྱུང་པ་ཅིན་ སྣུམ་འཁོར་གྱངས་ཁ་མཐོ་དྲགས་སྦེ་ རྒྱུན་འགྲུལ་འཐབ་མི་ ཐིམ་ཕུག་དང་ བར་སྦིས་སའི་ མགྱོགས་ལམ་བདའ་སྟེ་ ད་རུང་ སྟེང་ཟམ་༢ དེ་ཅིག་ རྐྱབ་ནི་ཨིན་པས།
ད་ལྟོ་རྐྱབ་མི་ སྟེང་ཟམ་དེ་ ཨོ་ལ་ཁ་ཁྲོམ་གྱི་ ས་ཁོངས་ནང་ལས་འཐོན་ས་དང་ དཔལ་འཁྱིལ་སློབ་གྲྭ་ཆེ་བ་ལུ་འགྱོ་ས་ལུ་ཨིནམ་ད་ ས་གནས་དེ་ཁར་ ཁྲོམ་སྡེའི་འགྲུལ་འཁོར་བཱསི་དང་ གླ་འཁོར་ཚུ་ཡང་ སྒུག་སྡོད་དོ་ཡོདཔ་ཨིན་པས།
ད་ལྟོའི་གནས་སྟངས་ནང་འབད་བ་ཅིན་ མི་ཚུ་གིས་ དམིགས་བསལ་དུ་ དྲོ་པ་ཡིག་ཚང་ནང་དང་ སློབ་གྲྭ་ནང་ འགྱོ་བའི་དུས་ཚོད་ཁར་ མགྱོགས་ལམ་སྐེདཔ་བཏོགས་ཏེ་ འགྱོ་དགོཔ་ལས་ སྣུམ་འཁོར་གྱི་རྒྱུན་འགྲུལ་ལུ་ བར་ཆད་རྐྱབ་མ་ཚད་ མི་ཚུ་ཡང་ སྣུམ་འཁོར་གྱིས་ འཐུ་བཀོག་ནིའི་ ཉེན་ཁ་སྦོམ་ཡོདཔ་ཨིན་པས།
སྟེང་ཟམ་དེ་ རིང་ཚད་མི་ཊར་༢༥ དང་ རྒྱ་ཚད་མི་ཊར་༢ དེ་ལས་ སྣུམ་འཁོར་ལམ་ལས་ མཐོ་ཚད་འབད་བ་ཅིན་ མི་ཊར་༥.༢ འོང་ནི་ཨིན་པས།
ད་ལྟོ་ ཐིམ་ཕུག་ ཆུ་རྩལ་ཁང་དང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཡིག་ཚང་གི་སྦོ་ལོགས་ཁར་ འཁོར་ལམ་གྱི་འོག་ལས་འགྱོ་སའི་ ས་འོག་ལམ་༢ དེ་ཅིག་ཡོད་རུང་ མི་ཚུ་གིས་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ མི་བཏུབ་དོ་ཡོདཔ་ཨིན་པས།
ས་ཁོངས་དེ་ནང་ལས་ཕར་ འགྱོ་ལྟ་བའི་སྐབས་ གློག་མེའི་ཤེལ་ཚུ་ཡང་ བཏོན་བཏང་ཡོདཔ་སྦེ་ མཐོངམ་མ་ཚད་ ཕྱགས་སྙིགས་ཚུ་ཡང་ བཀོག་བཞག་ཡོདཔ་སྦེ་ མཐོངམ་ཨིན་པས།
སྟེང་ཟམ་དེ་ རྐྱབ་ནིའི་དོན་ལུ་ འབྲུག་གཞུང་གིས་ དངུལ་ཀྲམ་ས་ཡ་༣ བཏང་ཡོདཔ་ད་ ད་རེས་ ཁག་འབགཔ་ཅིག་གིས་ བཟོ་སྐྲུན་འབད་མི་དེ་ ཟླཝ་༥ ནང་ མཇུག་བསྡུ་དགོཔ་ཨིན་པས།
སྟེང་ཟམ་དེ་གུ་ ཐོག་ཆ་མི་བཀལ་ནི་ཨིན་རུང་ རང་ལུགས་ཀྱི་ བཟོ་བཀོད་དང་ལྡནམ་སྦེ་འོང་ནི་དང་ ས་ཡོམ་རྐྱབ་རུང་ གནོད་སྐྱོད་མི་འབྱུང་ནིའི་ བཟོ་བཀོད་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས།
ཨོ་ལ་ཁ་ལུ་སྡོད་མི་ ཟླ་བ་གིས་ སླབ་མིའི་ནང་ མོ་ར་ ཡིག་ཚང་ནང་ལས་ འོང་པའི་སྐབས་ལུ་དང་ ཨ་ལོ་ཚུ་ སློབ་གྲྭ་ནང་ལས་བཏངམ་ད་ ཨ་རྟག་ར་ མགྱོགས་ལམ་བརྒྱུད་དེ་འགྱོ་དགོཔ་ལས་ ཚ་གྱང་ལང་རུང་ སྟེང་ཟམ་དེ་གིས་ ཉེན་ཁ་མེདཔ་ བཟོ་ཚུགས་ནི་མས་ཟེར་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་ལས་འཛིན་གྱི་ གཞི་རྟེན་མཐུན་རྐྱེན་སྡེ་ཚན་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ག་དེམ་ཅིག་སྦེ་ སྟེང་ཟམ་དེ་ ཕན་ཐོགས་ཅན་སྦེ་ ལག་ལེན་འཐབ་པ་ཅིན་ ཤེས་རིག་ཨིས་ཀོ་ཡར་དང་ ལྕང་ཇི་ཇི་ཟམ་གྱི་ སྦོ་ལོགས་ཁར་ཡང་ རེ་རེ་རྐྱབ་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *