ཨེཆི་ཨའེ་བི་ནད་འབུབ་ཐོབ་མི་ འཇོན་ཐང་ཅན་གྱི་ སྡེ་ཚན་ནང་ མཐོ་ཤོས་ཡོདཔ།

༉ འདས་པའི་ལོ་ངོ་དག་པ་ཅིག་གི་ ནང་འཁོད་ལུ་ ནད་གཞི་ཨེཌསི་གི་ ཨེཆི་ཨའེ་བི་ནད་འབུབ་ཐོབ་སྟེ་ སྨན་བཅོས་འབད་མིའི་ གྱངས་ཁ་དེ་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ ད་རེས་ ནད་གཞི་ཐོབ་མི་བསྡོམས་༦༢༧ ཡོད་མི་ལས་༤༩༥ འབདཝ་ད་ ནདཔ་བརྒྱ་ཆ་༨༠ དེ་ཅིག་ སྨན་བཅོས་འབད་བའི་བསྒང་ ཡོདཔ་ཨིན་པས།
ཨེཆི་ཨའེ་བི་ནད་འབུབ་ཐོབ་མི་ སྡེ་ཚན་གྱིས་ གཞི་བཙུགས་འབད་མི་ ལྷག་བསམ་མི་སྡེ་ལས་ཚོགས་ཀྱི་ ལས་རིམ་འགོ་དཔོན་ ཀ་བི་ཏ་ ཁར་ཀ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སི་ཌི་༤ འབད་མི་ ཨེཆི་ཨའེ་བི་ཐོབ་མི་༢༠༠ དེ་ཅིག་གིས་ སྨན་བཅོས་འབད་ཡོད་རུང་ ད་རེས་ ནད་འབུབ་ཐོབ་ཡོདཔ་ ངོས་འཛིན་འབད་ཚརཝ་ཅིག་ ནདཔ་ག་འབད་རུང་ དེ་འཕྲོ་ལས་ ཨེ་ཨར་ཊི་སྨན་བཅོས་འབད་ནི་ འགོ་བཙུགསཔ་ཨིན་ཟེར་ཨིན་པས།
སྨན་བཅོས་དེ་ གཞུང་གིས་ རིན་མེད་སྟོང་པར་ གནངམ་ཨིན་པས།
ཨེ་ཨར་ཊི་སྨན་བཅོས་དེ་གིས་ ནད་འབུབ་མར་གནོན་ཐོག་ ཡར་འཕེལ་འགྱོ་མ་བཅུག་པར་ བཞགཔ་མ་ཚད་ འབུ་ནི་ལས་ བཀག་འཛིན་འབདཝ་ཨིན་པས།
ལྷག་བསམ་གྱི་ བཀོད་ཁྱབ་མདོ་ཆེན་ དབང་དྲག་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ ཨེཆི་ཨའེ་བི་ལུ་ དྲག་ཐབས་མེད་རུང་ སྨན་བཅོས་དེ་ལུ་བརྟེན་ ཡུན་རིངམོ་སྡོད་ནི་ལུ་ ཕན་ཐོགས་སྦོམ་ཡོད་ཟེར་ཨིནམ་ད་ སྨན་བཅོས་དེ་གིས་ ནད་འབུབ་ཐོབ་མི་ཚུ་གི་ མི་ཚེ་ཡར་དྲག་གཏངམ་མ་ཚད་ འབུ་ནི་ལས་ བཀགཔ་བཞིན་དུ་ ནད་འབུབ་དེ་ བདའ་ཟུནམ་ཅིག་ སྨན་བཅོས་འབད་ནི་ འགོ་བཙུགས་དགོཔ་ ཁག་ཆེ་ཟེར་ཨིན་པས།
ལྷག་བསམ་གྱི་ གནས་ཐོ་དང་འཁྲིལཝ་ད་ ད་ཚུན་ ཨེཆི་ཨའེ་བི་ནད་འབུབ་ཐོབ་སྟེ་ སྨན་བཅོས་འབད་བའི་བསྒང་ཡོད་མི་ ནདཔ་༡༡༨ དང་ མི་༤༥ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ནདཔ་ཚུ་གི་གྲས་ལས་ མཐོ་ཤོས་བརྒྱ་ཆ་༣༨ ཁ་བྱང་ཐོག་ བདའ་ཟུན་ཡོདཔ་ད་ བརྒྱ་ཆ་༢༩ སྨན་ཁང་ནང་ བརྟག་དཔྱད་ཐོག་ལས་དང་ བརྒྱ་ཆ་༡༢ ཨ་ལོ་མ་སྐྱེ་བའི་ཧེ་མར་ བརྟག་དཔྱད་འབད་བའི་སྐབས་ དེ་ལས་ བརྒྱ་ཆ་༥ དང་༧ བཟོ་སྐྲུན་ས་ཁོངས་དང་ ཁྲག་བརྟག་དཔྱད་སྐབས་ བདའ་ཟུན་ཡོདཔ་ཨིན་པས།
ཀ་བི་ཏ་ ཁར་ཀ་གིས་ དེ་བཟུམ་མའི་ ནད་ཡམས་དེ་ མཐོ་ཤོས་ར་ འཇོན་ཐང་ཅན་གྱི་ སྡེ་ཚན་ནང་འདུག་ཟེར་བཤད་པའི་ཁར་ མཐོ་ཤོས་དེ་ སྐྱེས་ལོ་༣༠ དང་༣༩ འི་བར་ན་འབད་མི་ སྡེ་ཚན་ལུ་༢༠༩ ཡོདཔ་ད་ མི་༡༤༤ ལས་༧༦ དེ་ སྐྱེས་ལོ་༢༥ དང་༢༩ གི་བར་ན་༨༩ དེ་ སྐྱེས་ལོ་༤༠ དང་༤༩ གི་བར་ན་ དེ་ལས་༨༤ སྐྱེས་ལོ་༢༠ དང་༢༤ གི་བར་ན་འབད་མི་ཚུ་ཨིན་པས།
དེ་ལས་ ནདཔ་༡༠ དེ་ སྐྱེས་ལོ་༦ དང་༡༤ བར་ན་འབད་མི་དང་༢༧ དེ་ སྐྱེས་ལོ་༥ འོག་རྒྱུ་ཨིན་པས།
འགན་ཁག་འབག་མི་འབད་བ་ཅིན་ མཐོ་ཤོས་ནང་གི་ཨམ་༡༤༦ དང་ དེ་གི་ཤུལ་ལས་ སོ་ནམ་པ་༡༣༠ དེ་ལས་ ཨང་༣ པའི་ནང་ སྒེར་གྱི་ཚོང་ལཱ་འབད་མི་༡༠༥ དང་ དེད་གཡོགཔ་༥༩ ཡོདཔ་ད་ དྲག་ཁག་གི་དམག་མི་༣༦ དང་ ཞི་གཡོགཔ་༣༢ ལས་འཛིན་གྱི་ ལས་བྱེདཔ་༣༡ ལོ་ན་མ་སྨིན་མི་༣༦ ལཱ་གཡོག་མེད་མི་༡༦ སྨད་ཚོང་པ་༡༢ ཆོས་སྡེ་ནང་ལས་༡༡ དེ་ལས་ སློབ་ཕྲུག་༩ དང་བཙོན་པ་༣ ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *