སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ ཡིག་ཚང་ནང་སྦེ་ ཡོངས་ཁྱབ་མདོ་ཆེན་ རིན་ཆེན་དབང་འདུས་དང་ ཨཱསི་ཊི་ཡཱན་ མཉམ་འབྲེལ་ཡིག་ཚང་གི་ གནས་བཞུགས་མཉམ་འབྲེལ་འགོ་དཔོན་ ཇོ་ཧེནསི་ བིན་ཌར་༢ ཀྱི་བར་ན་ ཆིངས་ཡིག་ཚུ་ བརྗེ་སོར་འབད་བའི་བསྒང་།

ཨཱསི་ཊི་ཡ་གིས་ འབྲུག་ལུ་ ཡོ་རོ་ས་ཡ་༥.༣ གྲོགས་རམ་བྱིན་ཡོདཔ།

༉ སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ ཐིམ་ཕུག་ལུ་ཡོད་མི་ ཨཱསི་ཊི་ཡཱན་ མཉམ་འབྲེལ་ཡིག་ཚང་གིས་ མ་དངུལ་གྲོགས་རམ་ ཡོ་རོ་ས་ཡ་༥.༣ འབད་མི་ གྲོགས་རམ་གྱི་ ཆིངས་ཡིག་༣ གུ་ མཚན་རྟགས་བཀོད་ནུག།

གྲོགས་རམ་དེ་ཡང་ ཨཱསི་ཊི་ཡཱན་མཉམ་འབྲེལ་ཡིག་ཚང་གིས་ ལོ་ལྔའི་འཆར་གཞི་༡༢ པའི་དོན་ལུ་བྱིན་མི་ ཆ་ཤས་ཅིག་ཨིནམ་བཞིན་དུ་ མ་དངུལ་གྲོགས་རམ་ཁག་༣ པོ་དེ་ དྲང་ཁྲིམས་སྡེ་ཚན་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ཚུ་ནང་ ལག་ལེན་འཐབ་ནི་ཨིན་པས།

གྲོགས་རམ་དེ་གི་ཐོག་ལས་ དྲང་ཁྲིམས་སྡེ་ཚན་ལས་རིམ་འོག་ལུ་ ཁྲིམས་ཀྱི་གཙུག་སྡེ་ཚུ་ནང་ ཐོགས་ཆགས་མེད་པར་ བཅར་ནི་དང་ དྲང་ཁྲིམས་འཐོབ་ནི་ ལས་བྱེདཔ་ཚུ་གི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ དེ་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལྕོགས་གྲུབ་དང་ འགན་འཁྲི་ཡར་དྲག་གཏང་ནི་དང་ གློག་མེ་སྡེ་ཚན་ཚུ་ནང་ཡང་ ནང་འཁོད་ཀྱི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ཨིན་པས།

དྲང་ཁྲིམས་སྡེ་ཚན་ལས་རིམ་གྱི་དོན་ལུ་ གྲོགས་རམ་མ་དངུལ་ ཡུ་རོ་ས་ཡ་༤.༥ བགོ་བཀྲམ་འབད་དེ་ཡོདཔ་ད་ ལས་རིམ་དེ་གི་གྲངས་སུ་ ཁྲིམས་ཀྱི་ཞབས་ཏོག་མཁོ་སྤྲོད་འབད་མི་ དྲང་ཁྲིམས་ལྷན་སྡེ་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ འབྲུག་གི་ཁྲིམས་སྲུང་འགག་སྡེ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོ་ལྷན་ཚོགས་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་ཀྱི་སློབ་གྲྭ་ རྒྱབ་མི་ཚོགས་སྡེ་དང་ འབྲུག་གི་གདམ་ཁ་ཅན་གྱི་འཁོན་འདུམ་ལྟེ་བ་ཚུ་ ཚུདཔ་ཨིན་པས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་ རིན་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ དྲང་ཁྲིམས་སྡེ་ཚན་ལས་རིམ་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དེ་གིས་ དྲང་ཁྲིམས་རྣམ་དག་སྦེ་ འཐོབ་ནི་ལུ་ ལྷན་ཐབས་འབྱུང་ནི་དང་ ཁྲིམས་དོན་གཙུག་སྡེ་ཆ་མཉམ་གྱི་ ལྕོགས་གྲུབ་ཚུ་ རྩ་བརྟན་བཟོ་འོང་ཟེར་ཨིན་པས།

དེ་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ ལྕོགས་གྲུབ་གོང་འཕེལ་གྱི་དོན་ལུ་ མ་དངུལ་ཡུ་རོ་ས་ཡ་༠.༢ དང་ ཡུ་རོ་ས་ཡ་༠.༦ འཐོབ་ནི་ཨིན་པས།

མ་དངུལ་གྲོགས་རམ་ ཐོབ་མི་དེ་གིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ལུ་ ཕན་ཐོགས་རྒྱ་ཆེཝ་སྦེ་ འབྱུང་ནི་ཨིན་མི་དེ་ཡང་ གཙུག་སྡེ་༢ ཀྱིས་ རྒྱལ་སྤྱི་རྩིས་ཞིབ་དང་ ཆུར་རྟེན་གློག་མེ་འཕྲུལ་ཁང་བཟོ་སྐྲུན་གྱི་ གནས་ཚད་ཚུ་གི་ དགོས་མཁོ་དང་འཁྲིལ་ གཙོ་རིམ་བཟུང་ནི་ འགོ་བཙུགས་མི་ལུ་བརྟེན་ཨིན་ཟེར་ ཡོངས་ཁྱབ་མདོ་ཆེན་ རིན་ཆེན་དབང་འདུས་ཀྱིས་ བཤད་ཡོད་པའི་གནས་ཚུལ།

སྐ་སྒྱུར་ རིག་འཛིན་དབང་ཕྱུག།

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *