ཨམ་སྲུ་ཚུ་ མཉམ་རུབ་ཐོག་ལས་ ལཱ་འབད་བའི་བསྒང་།

ཨམ་སྲུ་སྡེ་ཚན་ཅིག་གིས་ ཨུར་ཀ་བང་ག་ལ་གི་ ཨེ་རྫས་བཟོ་ནི་ འགོ་བཙུགས་ཡོདཔ།

༉ བཀྲིས་གཡང་རྩེ་རྫོང་ཁག་དེ་ དང་ཕུ་ལས་ར་ འཛུགས་སྐྱོང་འབད་སྲོལ་ཡོད་མི་ ཡོངས་གྲགས་ཅན་གྱི་ ཨུར་ཀ་བང་ག་ལ་(ཨེ་མ་) ཐོན་སྐྱེད་འབད་སའི་ ས་གནས་ཅིག་ཨིན་པས།
ཨེ་མ་དེ་ ས་གནས་གཞན་ཁ་ལས་ ཐོན་སྐྱེད་འབད་ནི་མེད་པའི་ཁར་ ས་གནས་ཀྱི་མི་སེར་ཚུ་གིས་ ཐུན་མོང་མ་ཡིན་པའི་ ཐོན་སྐྱེད་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན་པས།
གནམ་བྱཱར་ལུ་ ས་གནས་ག་ར་ལས་ ཨེ་མ་ཐོན་སྐྱེད་འབདཝ་ད་ མི་སེར་ཚུ་ ཨེ་མ་བཙོང་མ་ཚུགས་པའི་གདོང་ལེན་བྱུང་དོ་ཡོདཔ་ལས་ སེལ་ཐབས་ལུ་ བཀྲིས་གཡང་རྩེ་ཨམ་སྲུ་སྡེ་ཚན་ཅིག་གིས་ ཨུར་ཀ་བང་ག་ལ་ པི་ཀལ་ཟེར་ ཨེ་རྫས་ཅིག་ བཟོ་དོ་ཡོདཔ་ཨིན་པས།
སྡེ་ཚན་གྱི་ཁྲི་འཛིན་ ཀརྨ་ཀུན་བཟང་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨེ་མ་གི་དུས་ཚོད་ནང་ ས་གནས་ག་ར་ལས་ ཨེ་མ་ཐོན་སྐྱེད་འབདཝ་ད་ བཙོང་མ་ཚུགས་པའི་གདོང་ལེན་དང་ གནམ་བྱཱར་ཆརཔ་རྐྱབ་ད་ སྐམ་མ་ཚུགས་པའི་གདོང་ལེན་ཡང་ ཡོད་ཟེར་ཨིན་པས།
མོ་གིས་ སླབ་མའི་ནང་ དཀའ་ངལ་སེལ་ཐབས་ལུ་ རྫོང་ཁག་སོ་ནམ་འགོ་དཔོན་གྱིས་ ཨེ་རྫས་བཟོ་ནིའི་ཐབས་ལམ་བཏོན་པའི་ཤུལ་ལུ་ སྡེ་ཚན་གྱིས་ ཨེ་རྫས་བཟོ་ནིའི་ འགོ་བཙུགས་ཡི་ཟེར་ཨིན་པས།
ཐབས་ལམ་དེ་གིས་ མི་སེར་དང་ སྡེ་ཚན་གཉིས་ཆ་ར་ལུ་ ཕན་ཐོགས་ཏེ་ཡོད་ཟེར་ ཀརྨ་ཀུན་བཟང་དབང་མོ་གིས་བཤད་པའི་ཁར་ སྡེ་ཚན་གྱིས་ སོ་ནམ་པ་ཚུ་ལས་ ཨེ་མ་དམརཔོ་ཚུ་ ཉོ་ཞིནམ་ལས་ ཨེ་རྫས་བཟོ་དོ་ཟེར་ཨིན་པས།
སྡེ་ཚན་དེ་ སྤྱི་ལོ་༢༠༡༦ ལུ་ གཞི་བཙུགས་འབད་ཡོདཔ་ད་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་བརྩི་སྲུང་ཞུ་མི་དང་འབྲེལ་ གཞུང་འབྲེལ་དུ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ སྡེ་ཚན་ཁག་༣ ཡོདཔ་བཞིན་དུ་ དེ་བསྒང་ ཨེ་རྫས་ཡང་ རང་སོའི་ཁྱིམ་ནང་བཟོ་ཡོདཔ་ད་ ད་རེས་ སྡེ་ཚན་༢ མཉམ་སྡེབ་འབད་ཞིནམ་ལས་ སྡེ་ཚན་༡ བཟོ་ཡོདཔ་ཨིན་པས།
འཐུས་མི་ ཚེ་དབང་དཔལ་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ སྡེ་ཚན་ལུ་ ཨེ་རྫས་བཟོ་སའི་ ཁྱིམ་ཅིག་མེདཔ་ད་ ད་རེས་ འདལ་ཤོག་བཟོ་སྦྱོར་ཁང་གི་ ཁང་མིག་ལག་ལེན་འཐབ་ད་ སྟབས་མ་བདེ་བའི་ཁར་ གཙང་སྦྲ་བཏོན་ནི་ལུ་ཡང་ གདོང་ལེན་འདུག་ཟེར་ཨིན་པས།
ཨེ་རྫས་ཡང་ སྤྱི་ཟླ་༨ པ་དང་༡༡ པའི་བར་ན་ བཟོ་དོ་ཡོདཔ་ད་ བདུན་ཕྲག་ལྷགཔ་ཅིག་ ཉིམ་ནང་སྐམ་ཞིནམ་ལས་ དམ་སྦྱིས་ནང་བླུགས་ཏེ་ བཙོང་དོ་ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ སླབ་མིའི་ནང་ ནང་འཁོད་ལས་ཐོན་མི་ ཨེ་རྫས་དེ་ བཙོང་མ་ཚུགས་པའི་གདོང་ལེན་མེད་ཟེར་ཨིནམ་ད་ ད་རེས་ མཁོ་མངགས་འབད་མི་ལེ་ཤ་ཡོདཔ་ལས་ རེ་འདོད་འགྲུབ་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ ཀུན་བཟང་དཔལ་སྒྲོན་གྱིས་ སླབ་མིའི་ནང་ ཀར་ལེབ་ཀྱི་ རྒྱབ་སྐྱོར་ཐོག་ལས་ རྫོང་ཁག་གིས་ བཟོ་སྦྱོར་ཁང་རྐྱབ་ནིའི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༢.༧ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིནམ་ད་ ས་གོ་ཡང་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ ཨེ་མའི་ཐོན་སྐྱེད་ལས་ ཨེ་རྫས་རིགས་གསརཔ་ཐོན་ཡོདཔ་བཞིན་དུ་ ད་རུང་ སོར་སྒྱུར་འབད་དེ་ བཟོ་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
ཨེ་མའི་མིང་ ཨུར་ཀ་བང་ཀ་ལ་ཟེར་ བཏགས་དགོ་མི་དེ་ཡང་ ཨེ་མའི་བཟོ་རྣམ་དེ་ རྟ་གུ་བཀལ་མི་ རྩམ་ཁུ་བཟུམ་ཡོད་ནི་དེ་གིས་ གཡུས་སྐད་ལས་ དེ་ལུ་ཨུར་ཀ་ཟེར་སླབ་དོ་ཡོདཔ་ད་ ཨེ་མ་ལུ་ བང་ག་ལ་ཟེར་ སླབ་ནི་དེ་གིས་ དེའི་རྟ་དྲངས་ཏེ་ མིང་ཡང་ ཨུར་ཀ་བང་ག་ལ་ཟེར་ བཏགས་ནུག་ཟེར་ མི་སེར་ཚུ་གིས་ བཤདཔ་ཨིན་པས།
དུས་ཅི་ སྡེ་ཚན་གྱིས་ ཨེ་རྫས་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༤༠༠,༠༠༠ ལྷགཔ་ཅིག་བཟོ་ཡོདཔ་ད་ ཨེ་རྫས་དམ་སྦྱིས་ཆུང་ཀུ་རེ་ལུ་ དངུལ་ཀྲམ་༢༢༠ རེ་སྦེ་ བཙོང་དོ་ཡོད་པའི་གནས་ཚུལ།

བཀྲིས་གཡང་རྩེ། གནས་བརྟན་རྡོ་རྗེ།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *