ཨམ་སྲུ་ཚུ་ལུ་ འདེམས་ཁྲིའི་ཐོབ་སྐལ་བཞག་རུང་ ཁྱད་པར་མི་བཟོ་ནི།

༉ འབྲུག་གི་སྤྱི་ཚོགས་ནང་ འཐུས་མི་ཨམ་སྲུ་དག་པ་ཅིག་མ་གཏོགས་ མེད་མི་དེ་ལུ་ ཕྱི་རྒྱལ་གྱི་ མི་ཚུ་གིས་ དྲི་བཀོད་འབདཝ་མ་ཚད་ ལ་ལོ་གིས་ ཕོ་མོའི་བར་ན་ ཆགས་སྡང་ཕྱོགས་རིས་ཡོདཔ་བཟུམ་མའི་ དོགས་སྣང་བསྐྱེདཔ་ཨིན་མས།

དེ་གི་ནང་དོན་ཉིད་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ ཨམ་སྲུ་ཚུ་གིས་ཡང་ འགོ་ཁྲིད་པའི་ གནས་རིམ་ནང་ ཨམ་སྲུ་གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མེད་མི་དེ་ལུ་ ཁོང་རའི་ ལྕོགས་གྲུབ་དང་ རིག་སྟོབས་ག་དེ་སྦེ་ཡོདཔ་ཨིན་ན་ བསམ་ཞིབ་མ་འབད་བར་ ཐད་ཀར་དུ་ སྤྱི་ཚོགས་ནང་ ཨམ་སྲུའི་ཐོབ་སྐལ་དགོཔ་སྦེ་ བློ་འདོད་བཀོད་བཞིན་དུ་ཡོདཔ་ཨིན།

མ་གཞི་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་༢ ཀྱི་ བཙག་འཐུའི་སྐབས་ལུ་ ཨམ་སྲུ་འདེམས་ངོ་དག་པ་ཅིག་ཐོན་ཡོད་རུང་ བསྐྱར་ཞིབ་ཚོགས་ཁང་ནང་ རྫོང་ཁག་༢༠ ལས་ ཨམ་སྲུ་ཕུད་རྡོག་གཅིག་ཡང་ བཙག་འཐུ་མ་གྲུབ་པའི་ཁར་ རྒྱལ་ཡོངས་ཚོགས་འདུ་ནང་ འདེམས་ཁྲི་༤༧ ཡོད་མི་ལས་ ཨམ་སྲུ་༤ རྐྱངམ་གཅིག་ བཙག་འཐུ་གྲུབ་མི་ལུ་ བལྟ་བ་ཅིན་ མི་མང་ལས་ ཨམ་སྲུ་འགོ་ཁྲིདཔ་སྦེ་ བཙག་འཐུ་འབད་ནི་ལུ་ རྒྱབ་སྐྱོར་མེད་པའི་ཁར་ ཨམ་སྲུ་ཚུ་གི་ཧོངས་ལས་འབད་རུང་ སྲིད་དོན་ནང་ བཅའ་མར་གཏོགས་འདོད་མེད་པའི་ བརྡ་མཚོན་སྟོན་ཡི།

སྤྱི་ཚོགས་གསུམ་པའི་ བཙག་འཐུ་རན་མི་དང་བསྟུན་ སྲིད་དོན་ཚོགས་པ་ཚུ་གིས་ རང་སོའི་འདེམས་ངོ་ ངོ་སྤྲོད་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་ འབྲུག་ཀུན་མཉམ་པར་ཊི་༣ གྱིས་ འདེམས་ངོ་༢༠ གསལ་བསྒྲགས་འབད་ནུག།

ད་ལས་ཕར་འབད་རུང་ སྲིད་དོན་དང་འབྲེལ་བའི་ འུར་བྱེལ་ལངམ་ད་ འདེམས་ངོ་མངམ་ ངོ་སྤྲོད་འབད་ནི་གི་ གྲ་སྒྲིག་འབདཝ་ཨིན་རུང་ ཨམ་སྲུ་འདེམས་ངོ་ ངོ་སྤྲོད་འབད་ནི་མེད་མི་དེ་ དམངས་གཙོའི་རིང་ལུགས་ནང་ བརྡ་མཚོན་ལེགས་ཤོམ་ཅིག་མེན་པས།

དཔེར་ན་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་འདྲེན་འཐབ་རན་མི་དེ་ནང་ བཅའ་མར་གཏོགས་འདོད་ཡོད་མི་ འདེམས་ངོ་༡༢༨ ཀྱིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ ཐོ་བཀོད་འབད་ཡོད་མི་ལས་༧ རྐྱངམ་གཅིག་ ཨམ་སྲུ་ཨིན་མས།

འདི་བཟུམ་མའི་ གནས་སྟངས་ལུ་ལྟཝ་ད་ ང་བཅས་རའི་ མི་སྡེའི་ནང་ ཕོ་མོའི་བར་ན་ ཉེ་རིང་ཕྱེ་སྲོལ་མེད་རུང་ མནོ་ལུགས་ཚུ་ལུ་བརྟེན་ ཨམ་སྲུ་ཚུ་ སྲིད་དོན་ནང་ འབྲེལ་གཏོགས་འབད་ནི་ལུ་ སྤྲོ་བ་ཞན་བཅུགཔ་ཨིན་མས།

ཨམ་སྲུ་ཚུ་གིས་ཡང་ ཨམ་སྲུའི་འགོ་ཁྲིདཔ་ལུ་ བློ་གཏད་ཡིད་ཆེས་མེདཔ་ལས་ འདས་པའི་ས་གནས་གཞུང་གི་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ ཨམ་སྲུ་དག་པ་ཅིག་མ་གཏོགས་ མ་ཐོན་པའི་ཁར་ སྲིད་ཚོགས་ཀྱི་ ཚོགས་པ་ཚུ་གིས་འབད་བ་ཅིན་ ཨམ་སྲུ་འདེམས་ངོ་ཐོབ་པར་ ལཱ་ཁག་འདུག་ཟེར་ཨིན་མས།

ཨམ་སྲུ་ཚུ་ལུ་ བློ་གཏད་མ་ཚུགས་མི་དེ་ ང་བཅས་རའི་ མནོ་ལུགས་ལུ་བརྟེན་ཨིནམ་བཞིན་དུ་ མནོ་ལུགས་བསྒྱུར་བཅོས་འབད་དགོ་པ་ཅིན་ སྲིད་དོན་ཚོགས་པ་གིས་ར་ མི་མང་ལུ་ བརྡ་དོན་དང་ ཤེས་ཡོན་སྤྲོད་དགོ་པའི་ཁར་ ཨམ་སྲུ་ཚུ་ སྲིད་དོན་ནང་ བཅའ་མར་གཏོགས་དགོ་པའི་ བློ་བསྐུལ་འབད་ནི་དེ་ཁག་ཆེ། སྤྱི་ལོ་༢༠༡༤ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ བརྟག་ཞིབ་ཅིག་འབདཝ་ད་ སྲིད་ཚོགས་ཚུ་གིས་ ཕོ་མོ་འདྲ་མཉམ་སྦེ་ ཡར་འཕེལ་གཏང་ནི་ལུ་ སྤྲོ་བ་མེད་པའ་ མངོན་གསལ་བྱུང་ཡོདཔ་བཞིན་དུ་ ཨམ་སྲུ་ཚུ་ལུ་ ཐོབ་སྐལ་བྱིན་ནིའི་སྐོར་ལས་ གྲོས་བསྡུར་ལན་ཐེངས་མང་རབས་ཅིག་ འབད་ཡོདཔ་ཨིན།

གཞུང་གིས་ཡང་ བཙག་འཐུ་གྲུབ་པའི་ ཡིག་ཚང་ཆ་མཉམ་ནང་ ཨམ་སྲུའི་ཐོབ་སྐལ་བརྒྱ་ཆ་༢༠ བཞག་ནི་གི་ ཁས་བླངས་འབད་ཡོད་རུང་ ཤུལ་ལས་ ཁེ་གྱོང་པ་ཚུ་དང་ གྲོས་བསྟུན་འབད་བའི་ཤུལ་ལས་ བཤོལ་བཞག་མི་དེ་ཡང་ ཨམ་སྲུ་ཚུ་ལས་ར་ ཐོབ་སྐལ་བཞག་ནི་ལུ་ རྒྱབ་སྐྱོར་མེདཔ་ཨིན་མས།

ང་བཅས་ཀྱིས་བལྟ་རུང་ ཨམ་སྲུ་ཚུ་ སྲིད་དོན་ནང་ བཅའ་མར་གཏོགས་བཅུག་ཐབས་ལུ་ ཐོབ་སྐལ་བཞག་ནི་དེ་ འོས་ལྡན་ཅིག་ མི་མཐོང་པའི་ཁར་ ཐོབ་སྐལ་བཞག་རུང་ མི་ཚུ་ལས་ ཨམ་སྲུ་ལུ་ བློ་གཏད་དང་ ཡིད་ཆེས་མེད་པ་ཅིན་ ཁྱད་པར་བཟོ་མི་ཚུགས།

དམངས་གཙོའི་རིང་ལུགས་ནང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ལྕོགས་གྲུབ་དང་ འཇོན་ཐངས་ཅན་ བློ་གཏད་ཚུགས་པའི་ འདེམས་ངོ་ཚུ་ བལྟ་དོ་ཡོདཔ་ལས་ སྲིད་ཚོགས་ཚུ་གི་ ཁ་ཐུག་ལས་འབད་རུང་ ཨམ་སྲུ་མངམ་ གྲལ་གཏོགས་འབད་བཅུགཔ་དང་གཅིག་ཁར་ ཁོང་གི་ལྕོགས་གྲུབ་དང་ མི་མང་གི་ བློ་གཏད་ཡོད་མེད་ བལྟ་དགོཔ་དེ་ཡང་ གལ་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

དབང་འདུས་ལུ་ གོ་གནས་ཐོག་ཡོད་མི་ བཀྲིས་རྡོ་རྗེ་ ལོག་བཙག་འཐུ་གྲུབ་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེ་ནང་ གོ་གནས་ཐོག་ཡོད་མི་ བཀྲིས་རྡོ་རྗེ་དེ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ འཐུས་མི་སྦེ་ ལོག་བཙག་འཐུ་གྲུབ་ནུག། སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ཚོགས་རྒྱན་གྱི་ཉིནམ་ནང་ ཁོ་གིས་ ཚོགས་རྒྱན་༤,༩༩༥ ཐོབ་སྟེ་ བསྐྱར་ཞིབ་ཚོགས་ཁང་ནང་ …

Leave a Reply

Your email address will not be published. Required fields are marked *