ཨ་ལྕེ་ལྷ་མོའི་འཆམ་རྐྱབ་པའི་བསྒང་།

ཨ་ལྕེ་ལྷ་མོའི་འཆམ་ ཉམས་ཉེན་ཡོད་པའི་ཚ་གྱང།

༉ བསམ་གྲུབ་ལྗོངས་མཁར་ ལའུ་རི་རྒེད་འོག་ མོམ་རིང་དང་ རོལ་ནང་ ཕ་རྒྱུད་དགོན་པ་གཡུས་ཚན་གྱི་ ཞི་གཡོགཔ་དང་ ལས་སྡེ་ མཁན་པོ་ དེ་ལས་ ན་གཞོན་ཚུ་ ཁས་བླངས་དང་ སྤྱི་རུབ་ཐོག་ལས་ དང་ཕུ་ཕམ་ཚུ་གིས་ རྐྱབ་སྲོལ་ཡོད་མི་ ཨ་ལྕེ་ལྷ་མོའི་འཆམ་ཉམས་ཏེ་ ལོ་ངོ་༢༠ ལྷགཔ་ཅིག་སོང་པའི་ཤུལ་ལས་ ད་རེས་ ལོག་ཉམས་སྲུང་འབད་ནི་ འགོ་བཙུགས་ཏེ་འདུག།
དུས་ཅི་ ཐིམ་ཕུག་སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ ཉིན་གྲངས་༢ ཀྱི་རིང་ ཨ་ལྕེ་ལྷ་མོའི་འཆམ་ མི་མང་ལུ་ མཇལ་ཁ་གནང་ཡོདཔ་ད་ དེ་ཡང་ སློབ་གྲྭའི་བར་མཚམས་ངལ་གསོ་སྐབས་ སློབ་ཕྲུག་ན་གཞོན་ཚུ་ འཆམ་གྱི་སྦྱོང་བརྡར་བྱིན་པའི་ཤུལ་ལས་ ཨིན་པས།
དེ་སྦེ་ ཐིམ་ཕུག་ལུ་སྦེ་ འགོ་དང་པ་ འཆམ་སྤྱན་འབུལ་ཕུལ་མི་དེ་ གཡུས་མི་ཚུ་གི་དོན་ལུ་ རྒྱལ་རབས་ནང་ཚུད་ཡོདཔ་ད་ མང་ཤོས་ཅིག་གིས་ འཆམ་མཇལ་མ་ཚུགས་པར་ ལོ་ངོ་༢༠ ལྷག་ཡོདཔ་ལས་ དད་མོས་སྦོམ་བསྐྱེད་ཐོག་ལས་ འཆམ་མཇལ་བར་ མི་བརྒྱ་ལས་བཅད་དེ་འཛོམས་ནུག།
སྙིང་རུས་ཅན་དང་ སྐྱེས་སྟོབས་རིག་རྩལ་ཅན་གྱི་ ན་གཞོན་ཅིག་ཨིན་མི་ སེངྒེ་དབང་ཕྱུག་གིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་ རིག་གཞུང་དང་ གསོ་བ་ དེ་ལས་ རྩིས་གཞུང་གསུམ་ མི་ཉམས་གོང་འཕེལ་གཏང་ནི་ལུ་ ལུས་ཀྱི་སྒོ་ནས་ ལུས་ཕུལ་ནི་དང་ ངག་གི་སྒོ་ནས་ གསོལ་འདེབས་བགྱང་ ཡིད་ཀྱི་སྒོ་ནས་སྨོན་ལམ་བཏབ་ནི་ཚུ་ ན་ཚ་འབྱུང་རུང་ ཤི་རུང་ དཀོན་མཆོག་གསུམ་བཟུམ་སྦེ་ ཨ་ལྕེ་ལྷ་མོའི་འཆམ་དེ་ ཨིན་ཟེར་ཨིན་པས།
ན་གཞོན་སྡེ་ཚན་བཟོ་སྟེ་ འཆམ་ཉེན་སྲུང་འབད་ནིའི་དོན་ལུ་ འཆམ་སློབ་ཚུ་དང་ གྲོས་བསྟུན་འབད་ཞིནམ་ལས་ སྤྱི་ལོ་༢༠༡༦ ལུ་ ལྷབ་སྦྱང་འབད་ནི་འགོ་བཙུགས་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༩ ལུ་ ཞི་གཡོགཔ་ཚུ་གིས་ ཉམས་སྲུང་གི་དོན་ལུ་ འཆམ་ལྷབ་སྦྱང་འབད་བར་ ཐིམ་ཕུག་ལུ་ འབོ་ཞིནམ་ལས་ འཆམ་སློབ་བགྲེསཔ་ཚུ་ལས་ བདུན་ཕྲག་༣ གྱི་རིང་ ལྕམ་སྒང་གཡུས་ཚན་ལྟག་གི་ རི་གུ་ ལྷབ་སྦྱང་འབད་ནུག།
རོལ་ནང་གཡུས་ཚན་ལས་ཨིན་མི་ ཞི་གཡོགཔ་ འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ལའུ་རི་རྒེད་འོག་ མོམ་རིང་རོལ་ནང་སྤྱི་འོག་ནང་ ལོ་ངོ་༢༠ གྱི་ཧེ་མར་ ལོ་བསྟར་བཞིན་དུ་ ཉིན་གྲངས་༣ གྱི་རིང་ ཚེས་བཅུ་བཟུམ་སྦེ་ འཆམ་རྐྱབ་ནི་ཡོདཔ་མ་ཚད་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ ཆེ་མཐོའི་དཔོན་ཁག་ཚུ་བྱོནམ་ད་ ཨ་ལྕེ་ལྷ་མོའི་ འཆམ་དང་ཞབས་ཁྲ་ཚུ་ རྟེན་འབྲེལ་གྱི་ཚུལ་སྦེ་ རྐྱབ་སྲོལ་འདུག་ཟེར་ཨིན་པས།

ནོར་བཟང་གི་ཡུམ་ཆེན།

ཨིན་རུང་ ད་རེས་ནངས་པའི་དུས་ཚོད་ལུ་ འཆམ་མཇལ་དགོ་མནོ་རུང་ འཆམ་རྐྱབ་ཤེས་མི་མེད་པའི་ཁར་ འཆམ་རྐྱབ་ཤེས་མི་ རེ་གཉིས་ཡོད་རུང་ ལོ་ན་རྒས་མི་དང་ མི་སྡེའི་དཔལ་འབྱོར་གོང་འཕེལ་དང་ ཁྲོམ་ཁར་གནས་སྤོ་འགྱོ་མི་ལུ་བརྟེན་ ཉམས་སོ་ནུག་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ མི་རབས་༣ གྱི་ཧེ་མར་ ཁོ་རའི་ཨ་རྒས་ཀྱིས་ ཨ་རུ་ན་ཅཱལ་པར་དེཤ་ལས་ ལྷབ་འོང་སྟེ་ གཡུས་ཁ་ལུ་འཛིན་སྐྱོང་སྤེལ་ཡོད་རུང་ དུས་ཅི་ གཡུས་ཁའི་མཉམ་རོགས་དང་ ན་གཞོན་སློབ་ཕྲུག་ཚུ་ལུ་བརྟེན་ ལོག་ཉམས་སྲུང་ཞུ་ཚུགས་ཡོདཔ་ལས་ བསམ་རྫོགས་ཡི་ཟེར་ཨིན་པས།
ལོ་ངོ་༥༠ ལྷགཔ་ཅིག་གི་རིང་ འཆམ་རྐྱབ་པའི་ཁར་ སློབ་སྟོན་པ་ སྐྱེས་ལོ་༦༩ ལང་མི་ ཇོ་མོ་བསྟན་འཛིན་གྱིས་ སླབ་མིའི་ནང་ མི་ལོ་༣༠༠ ལྷགཔ་ཅིག་གི་རིང་ གཡུས་ཚན་དེ་ནང་ དགའ་སྐྱིད་ཀྱི་ངང་ལུ་ སྤྲོ་བ་ལེན་མི་འཆམ་དེ་ ཉམས་སོང་སྟེ་ ལོ་༢༠ ལྷགཔ་ཅིག་ལང་བའི་ཤུལ་ གཞུང་གཡོགཔ་དང་ ན་གཞོན་ཚུ་གིས་ ད་རིས་ ལོག་ཉམས་སྲུང་འབད་ནི་ འགོ་བཙུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།

བསྔགས་པ་ཧཱུཾ་ལས་མེ་འབར།

ཨ་ཅེ་ལྷ་མོའི་ འཆམ་གྱི་འབྱུང་ཁུངས།
གཏམ་རྒྱུས་ལས་འབད་བ་ཅིན་ བོད་ལུ་ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་གིས་ ཨ་ལྕེ་ལྷ་མོའི་འཆམ་༨༢ བརྩམས་དགོ་མི་དེ་ ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ སངས་རྒྱས་བཅོམ་ལྡན་འདས་ དག་པའི་སྐྱེ་བ་༥༠༠ དང་ མ་དག་པའི་སྐྱེ་བ་༥༠༠ ལེན་མི་ལས་ དག་པའི་སྐྱེ་བ་ལེན་མི་ལུ་ གཞི་བཞག་སྟེ་འདུག།
དེ་ཡང་ དག་པའི་སྐྱེ་བའི་སྐབས་ སངས་རྒྱས་ཀྱིས་ ཆོས་རྒྱལ་ནོར་བཟང་སྦེ་ བཞུགས་ཡོདཔ་ལས་ གྲུབ་ཐོབ་ཀྱིས་ ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་ལུ་ གཞི་བཞག་སྟེ་ བརྩམས་གནང་ནུག།
ཆོས་རྒྱལ་ནོར་བཟང་གི་ རྣམ་ཐར་ནང་འབད་བ་ཅིན་ ལྷོ་ཕྱོགས་རི་ལྡན་རྒྱལཔོ་ཕྱུགཔོ་སྦེ་བཞུགསཔ་ད་ དཀོན་མཆོག་གསུམ་ལུ་ ཞབས་ཏོག་དང་ གནས་བདག་ཞི་བདག་ཚུ་ལུ་ བསངས་གསོལ་ཁ་མཆོདཔ་ཚུ་ མ་ཕུལ་ནི་དེ་གིས་ བྱིན་རླབས་གནང་མི་ ཀླུ་མོ་བརྒྱ་དང་བརྒྱད་ འགྲོས་ཀྱིས་སྦེ་ བསངས་དང་གསོལ་ཁ་དང་ མཆོདཔ་ཕུལ་མི་ བྱང་ཕྱོགས་རྒྱལ་པོའི་མངའ་ལྡན་འོག་ལུ་ སྤོ་བཤུད་འབད་ནུག་ཟེར་ཨིན་པས།
ལྷོ་ཕྱོགས་རྒྱལ་པོ་གིས་ བསྔགས་པ་ཧཱུཾ་ལས་མེ་འབར་ལུ་ བྱང་ཕྱོགས་ལས་ ཀླུ་མོ་བརྒྱ་དང་བརྒྱད་ལོག་ བཀུག་ཚུགས་པ་ཅིན་ རྒྱལ་ཁབ་ཕྱེད་ཀ་ སྤྲོད་ནི་ཨིན་ཟེར་ སླབ་ཞིནམ་ལས་ བྱང་ཕྱོགས་རྒྱལ་ཁབ་ལུ་ཡོད་མི་མཚོ་ནང་ བསྔགས་བཏབ་སྟེ་ ཆུ་སྐམ་སེམས་ཅན་ག་ར་ཤི་བའི་སྐབས་ ཉ་པ་ཉལ་ས་ལས་ གཉིད་ཚོར་ དེ་ལས་ དམག་རྐྱབ་སྟེ་ བསྔགས་པ་བསད་བཏང་ནུག།

མྱུར་མགོན།

ནོར་བཟང་དང་ ཉ་པ་ དེ་ལས་ ཉ་རོགས་༣ གྱི་གཙོས་མི་ཚུ་དང་ དམག་རྐྱབ་མི་དེ་ ཡབ་ཆེན་དང་ ཆོས་རྒྱལ་ནོར་བཟང་དམགཔ་ལུ་བྱོན་པའི་སྐབས་ ཨ་ཁུ་ཁྲོ་ཐུང་གི་ དམག་དཔོན་ཚུ་གིས་ བུམོ་མཛེས་ལྡན་ལྷ་མོ་ལུ་ དམག་རྐྱབ་པར་འོངམ་ད་ ཆོས་རྒྱལ་ནོར་བཟང་གི་ ཡུམ་ཆེན་ ཨ་ནེ་དེ་ བཙུནམོ་ མཛེས་ལྡན་ལྷ་མོའི་རྒྱབ་ལས་ཐོན་ཏེ་ དམག་རྐྱབ་ རྒྱལ་ཁ་ཐོབ་པའི་ཚུལ་སྟོནམ་ཨིན་པས།
སྨྱུར་མགོན་ཟེར་ ཞལ་འབགཔ་ཕྱེད་ཀ་དཀརཔོ་དང་གནགཔོ་ རྐངམ་གཅིག་ལུ་ ལྷམ་དང་ རྐངམ་གཅིག་ལུ་ ལྷམ་མེདཔ་སྦེ་ ཐོན་སྲོལ་ཡོད་མི་དེ་ གླིང་གེ་ར་རྒྱལ་པོ་ལུ་ དཔེ་དྲང་སྟེ་བཟོ་ནུག་ཟེར་ ཨིན་པས།
གླིང་གེ་སར་རྒྱལ་པོ་མཆོག་ དམག་རྐྱབ་པར་འགྱོ་བའི་སྐབས་ བཙུནམོ་ཤེལ་ལྕམ་སྒྲོལ་མ་གིས་ ཧོར་དགུང་སངས་རྒྱལཔོ་དང་ དམ་ཚིག་ཤོར་ཡོདཔ་ལས་ གཟུགས་ཕྱེད་ཀ་དཀརཔོ་དེ་ གླིང་གེ་སར་རྒྱལ་པོ་ལུ་ དམ་ཚིག་དང་ ཕྱེད་ཀ་ནགཔོ་དེ་ ཧོར་དགུང་སངས་རྒྱལ་པོ་ལུ་ཡོད་ཟེར་ བརྡ་སྟོནམ་ཨིན་པས།
ཧོར་དགུང་སངས་རྒྱལ་པོའི་ སྲས་འཁྲུངས་མི་དེ་ གླིང་གེ་སར་རྒྱལ་པོ་གིས་ བསད་ནིའི་དོན་ལུ་ དམག་རྐྱབ་མི་དེ་ འཆམ་གྱི་སྐབས་ ཉ་པ་དེ་ ཧོར་དགུང་སངས་རྒྱལཔོ་དང་ ནོར་བཟང་དེ་ གླིང་གེ་སར་རྒྱལཔོ་ དེ་ལས་ སྨྱུར་དགོན་ཐོན་མི་དེ་ ཡིད་འཕྲོག་ལྷ་མོ་བཟུམ་སྦེ་ གཞི་བཞག་ཡོདཔ་ད་ གལ་སྲིད་ ཨ་ལོ་མ་ཆགས་མི་ ཨམ་སྲུ་ཚུ་གིས་ ཞུ་ཚུགས་པ་ཅིག་ ཨ་ལོའི་དངོས་གྲུབ་གནངམ་ཨིན་ཟེར་ཨིན་པས།

བླམ་ཅོ་ཆོས་ཉིད་ཧ་རི་(ཞལ་འབགཔ་གནགཔོ)

དེ་བཞིན་དུ་ ལོ་རྒྱུ་གཞན་ཅིག་ལས་འབད་བ་ཅིན་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ བོད་བསམ་ཡས་བཞེངས་ནིའི་དོན་ལུ་ ས་འདུལ་བའི་སྐབས་ གུ་རུ་རིན་པོ་ཆེ་གི་ ལག་པའི་སེན་མོ་༥ ལུ་སྤྲུལ་ཏེ་ ལྷ་འདྲེ་ཚུ་ དམ་ལུ་བཏགས་མི་དང་ ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་ལུ་ གཞི་བཞག་སྟེ་ དུས་རབས་༡༤ པའི་ནང་ གྲུབ་ཆེན་ཐང་སྟོང་རྒྱལ་པོ་གིས་ འགོ་དང་པ་ བོད་རྒྱལ་ཁབ་ལུ་སྦེ་ ཨ་ལྕེ་ལྷ་མོའི་འཆམ་༨༢ དེ་ཅིག་ གསར་བརྩམས་གནང་ནུག་ཟེར་ཨིན་པས།
གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཆོག་གིས་ བོད་ལུ་སྦེ་ ཨ་ལྕེ་ལྷ་མོའི་འཁྲབ་གཞུང་གནང་ཐོག་ལས་ ལྕགས་ཀྱི་བསོད་སྙོམས་ཚུ་ལྷང་སྟེ་ མི་དང་སེམས་ཅན་ཚུ་གི་དོན་ལུ་ འགོ་དང་པ་ ལྕགས་ཀྱི་ཟམ་ཅིག་ བཞེངས་གནང་ཡོད་པའི་ཁར་ དེ་གི་ཤུལ་ལས་ འབྲུག་རྒྱལ་ཁབ་ནང་ འཁྲབ་གཞུང་དེ་ དར་ཁྱབ་སོང་ཡོདཔ་སྦེ་ འདས་པའི་དྲི་ལན་ལུ་ ཚེ་འདས་ཞིབ་འཚོལ་འགོ་དཔོན་ ཀུན་བཟང་རྡོ་རྗེ་གིས་ སླབ་ཡོདཔ་ཨིན།
བོད་དང་ འབྲུག་རྒྱལ་ཁབ་ནང་ ལྕགས་ཟམ་༥༨ རྐྱབ་གནང་མི་ ལྕགས་ཟམ་དབང་པོ་ ཡང་ཅིན་ གྲུབ་ཆེན་ཐང་སྟོང་རྒྱལ་པོ་གིས་ ཨ་ལྕེ་ལྷ་མོའི་འཁྲབ་གཞུང་དེ་ མཛད་ནུག།
འཆམ་གྱི་སྐབས་ ཆོས་རྒྱལ་ནོར་བུ་བཟང་པོ་དེ་ བྱང་ཕྱོགས་སྔ་ལྡན་གྱི་རྒྱལཔོ་ནོར་ཆེན་གྱི་ སྲས་དང་ ཡུམ་ཆེན་དེ་ ཨ་ནེམོ་ ཀླུ་མོ་སྣ་ཚོགས་སྐྱེས ལྷ་མོ་དེ་ ཡིད་འཕྲོག་ལྷ་མོ་ ཉ་པ་སྤང་ལེབ་འཛིན་པ་དེ་ ལྷོ་ཕྱོགས་རྒྱལ་པོ་རིག་ལྡན་ བླམ་ཅོ་ཆོས་ཉིད་ཧ་རི་དེ་ བྱང་ཕྱོགས་རྒྱལ་པོ་ནོར་ཆེན་གྱི་ རྩ་བ་བླམ་ དེ་ལས་ བསྔགས་པ་དེ་ ཧཱུཾ་ལས་མེ་འབར་ཚུ་གིས་ ཐོན་ཡོདཔ་ཨིན།
ན་གཞོན་དང་ མི་སེར་ལུ་བསླབ་བྱ།
བསྟན་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ ལམ་ལུགས་སྲོལ་ཤེས་དགོ་མི་དེ་ཡང་ དུས་རབས་༢༡ པའི་ནང་ ཕམ་བཟངམོ་ཚུ་གིས་ བདག་འཛིན་འཐབ་བཞག་མི་ལམ་སྲོལ་ཚུ་ དུས་རབས་དང་བསྟུན་ ཕྱིའི་རྒྱལ་ཁབ་ལས་ཕར་ ལམ་ལུགས་སྲོལ་སོར་གྱུར་བའི་སྐབས་ རང་སོའི་ལམ་ལུགས་སྲོལ་ཡང་ སོར་འགྱུར་ནིའི་ཉེན་ཁ་ཚབས་ཅན་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
དུས་རབས་༢༡ པའི་ ཡོན་ཏན་ལྷབ་ཐངས་དང་ རིག་པ་ཡང་ དུས་མཐུན་འགྱོ་དོ་ཡོདཔ་ལས་ ལྟ་བྱ་མཐོང་བྱ་དང་ མནོ་བསམ་བཏང་ཐངས་འགྱུར་འགྱོ་བའི་སྐབས་ རང་གི་ལུགས་སྲོལ་ཚུ་ བྱང་ནི་འགོ་བཙུགསཔ་ཨིན་ཟེར་ཨིན་པས།
སྟོན་པ་རྡོ་རྗེ་གདན་མ་བཞེངས་མི་ བླམ་ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ ནང་པ་སངས་རྒྱས་སྟོན་པའི་ཆོས་ལུགས་དར་ཞིང་རྒྱས་ཐབས་དང་ ནང་པའི་རྒྱལ་ཁབ་ཨིན་པའི་ར་ཁུངས་ ལམ་སྲོལ་ཕྱུག་པའི་རྒྱལ་ཁབ་ཀྱི་ ལྟ་བ་དང་གཞི་རྩ་ཚུ་ རྩ་བརྟན་སྦེ་བཞག་ནི་ལུ་ དམིགས་བསལ་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་མཆོག་གཉིས་ཀྱིས་ ཕྱག་ལཱ་ག་ཅི་ར་མཛད་རུང་ རྟག་དང་རྟེན་འབྲེལ་ཕུན་སུམ་ཚོགསཔ་སྦེ་ མཛད་ཡོདཔ་ལས་ རང་སོའི་ལུགས་སྲོལ་མ་ཉམས་པར་བཞག་ནིའི་འགན་ཁུར་དེ་ འབགཔ་དགོཔ་གལ་ཆེ་ཟེར་ཨིན་པས།
ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ བློན་པོ་ ཤེས་རབ་རྒྱལ་མཚན་གྱིས་ གསུངས་མིའི་ནང་ ད་ལྟོ་ཚུན་ རྒྱལ་ཁབ་མཐའ་དབུས་མེད་པའི་ མི་སྡེ་དང་ གཡུས་ཕྱོགས་ ལུང་ཕྱོགས་ཚུ་ནང་ འཛིན་སྐྱོང་སྤེལ་བཞིན་དུ་ཡོད་པའི་ ལུགས་སྲོལ་བཟང་པོ་ཚུ་ མི་ཉམས་གོང་འཕེལ་བཏང་སྟེ་བཞག་མི་ལུ་ གཞུང་གི་ཧོངས་ལས་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།

ནོར་བཟང་དང་ ཡབ་ཆེན།

ད་ལྟོ་ཚུན་ གཞུང་གིས་ འབྲེལ་གཏོགས་འབད་དེ་ ལུང་པའི་ལུགས་སྲོལ་ཚུ་ བདག་འཛིན་འབད་ནི་དང་ འཛིན་སྐྱོང་སྤེལ་བའི་སྲོལ་མེདཔ་བཞིན་དུ་ གཞུང་གིས་ འབད་དགོ་མནོ་རུང་ མ་དངུལ་གྱི་ཚ་གྱང་ཡོདཔ་ལས་ དཔེར་ན་ ཡོངས་གྲགས་ལུ་ ཤིང་མཁར་ལའུ་རི་རྒེད་འོག་ནང་ རྐྱབ་སྲོལ་ཡོད་པའི་ ཨ་ལྕེ་ལྷ་མོའི་འཆམ་དེ་ གཡུས་ཁའི་མི་སེར་དང་ ཞི་གཡོགཔ་ དེ་ལས་ ན་གཞོན་ཚུ་གིས་ ཉམས་ཉེན་ལྷོད་མི་དེ་ ལོག་ཉམས་སྲུང་འབད་ནི་གཞི་བཙུགས་མི་དེ་ རྒྱལ་ཡོངས་ཀྱི་ མི་སེར་ཡོངས་ལུ་ མིག་དཔེ་དང་ ལམ་སྟོན་བཟུམ་ཅིག་ཨིན་ཟེར་ བློན་པོ་གིས་ གསུངསམ་ཨིན་པས།
གལ་སྲིད་ ལུང་པ་སོ་སོའི་ ལམ་ལུགས་སྲོལ་ཚུ་ མ་དང་སྤུ་ལས་ རྩ་མེད་འགྱོ་ནི་གུ་ ལྷོད་སོང་པ་ཅིན་ འབྲུག་གཞུང་གིས་ ཉམས་སྲུང་དང་ ཉེན་སྲུང་གི་དོན་ལུ་ འཆར་གཞི་ལས་རིམ་དང་ སྲིད་བྱུས་ཚུ་ བརྩམ་ནིའི་སྲོལ་ཡོད་ཟེར་ཨིན་པས།
གདོང་ལེན་དང་ འཆར་གཞི་ལས་རིམ།
བསམ་གྲུབ་ལྗོངས་མཁར་ཀརྨ་གླིང་སློབ་གྲྭ་གོང་མའི་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ སེངྒེ་དབང་ཕྱུག་གིས་ སླབ་མིའི་ནང་ དུས་ཡུན་ཐུང་ཀུ་ཅིག་ནང་ འཆམ་གྱི་ལེའུ་དང་ ཞབས་ཁྲ་ཚིག་ དེ་ལས་ འཐེན་ཐང་ཚུ་ ཤེས་ནི་ལུ་དཀའ་ངལ་ཡོདཔ་མ་ཚད་ རང་དབང་གི་འཆམ་ཆས་ཚུ་ མེད་པའི་དཀའ་ངལ་དང་ ན་གཞོན་ཚུ་ དུས་ཚོད་མ་འཐོབ་པའི་དཀའ་ངལ་ལུ་བརྟེན་ ཚ་གྱང་ཡོད་ཟེར་ཨིན་པས།
འཆམ་སློབ་པདྨ་བཟང་པོ་གིས་ སླབ་མིའི་ནང་ གཡུས་ཁའི་ན་གཞོན་ཚུ་ ཡོན་ཏན་ལྷབ་སྦྱང་འབད་ཞིནམ་ལས་ ལོག་གཡུས་ཁ་ལྷོད་མ་ཚུགས་མི་དང་ ན་གཞོན་ཚུ་གིས་འབད་རུང་ འཆམ་ལྷབ་ནི་ལུ་ སྤྲོ་བ་ཐེབས་སྦེ་བསྐྱེད་མ་བཏུབ་མི་ གཡུས་ཁ་གུང་སྟོང་འཐོན་མི་ དེ་ལས་ འཆམ་ལེའུ་དང་ ཞབས་ཁྲ་ཤེས་མི་ཚུ་ཡང་ ལོ་ན་རྒས་པའི་བཏབ་ཀྱིས་ ཉེན་སྲུང་དང་ གཉེར་སྲུང་འབད་ནི་ལུ་ གདོང་ལེན་སྦོམ་འདུག་ཟེར་ཨིན་པས།
ཨིན་རུང་ དུས་ཅི་ལས་ ཞི་གཡོགཔ་ཚུ་གིས་ འགོ་ཁྲིདཔ་ཐོག་ལས་ ཉམས་སྲུང་གི་འཆར་གཞི་དང་ ལས་རིམ་བཟོ་མི་ལུ་བརྟེན་ སྤྱིར་བཏང་རྒྱལ་ཁབ་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་གཏེར་འགྲུབ་ཐབས་ལུ་ ཕྱག་ཕྱིད་ཞབས་ཏོག་དང་ དམིགས་བསལ་དུ་ ལམ་སྲོལ་དེ་ གཡུས་ཁའི་དོན་ལུ་ སྲོག་ཤིང་བཟུམ་སྦེ་ གནས་ཚུགས་ནི་མས་ཟེར་ཨིན་པས།
ཁེ་ཕན།
གཡུས་ཁར་ ཆརཔ་རྐྱབ་མ་བཏུབ་པའི་སྐབས་ འཆམ་རྐྱབ་ད་ ཆརཔ་རྐྱབ་ནི་དང་ ཨ་ལོ་མེད་པའི་ ཕམ་ཚུ་གིས་ ཨ་ལོའི་དངོས་གྲུབ་ཞུ་ སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་ཚུགས་ནི་ ཕྱིའི་ལྟ་བཤལཔ་ལུ་བརྟེན་ དཔལ་འབྱོར་གོང་འཕེལ་གཏང་ནི་ རྒྱལ་ཁབ་ཀྱི་ཞི་བདེ་དང་ སྲུང་སྐྱོབ་ཚུ་ཡང་ འཆམ་དེ་ལུ་བརྟེན་ འབྱུང་ཚུགསཔ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༤ པའི་དོན་ཚན་༡ པའི་ནང་ རྒྱལ་ཁམས་ཀྱིས་ མི་སྡེ་དང་ མི་སེར་གྱི་ལམ་སྲོལ་འཚོ་བ་འབྱོར་ཐབས་ལུ་ དྲན་རྟེན་དང་ སྒྱུ་རྩལ་ ཡང་ཅན་ རྒྱལ་རབས་ཅན་གྱི་ས་ཁོངས་དང་ ཅ་དངོས་ རྫོང་གཞིས་ ལྷ་ཁང་ དགོན་སྡེ་ རྟེན་གསུམ་ གནས་ སྐད་ཡིག་ རྩོམ་རིག་ སྒྲ་དབྱངས་ མཐོང་སྣང་གི་སྒྱུ་རྩལ་ ཆོས་ལུགས་བརྩིས་པའི་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ལམ་སྲོལ་དེ་ གཉེར་སྲུང་དང་ ཉེན་སྐྱོབ་ ཡར་སྤེལ་དོན་ལུ་ བརྩོན་ཤུགས་བསྐྱེད་དགོ་པའི་ དགོངས་དོན་ཡང་ འགྲུབ་ཚུགསཔ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གསར་སྤང་རྫོང་ སྤྱི་ལོ་༢༠༢༣ ལུ་ བསྒྲུབ་མི་ཚུགས་ནི་བཟུམ་ཡོདཔ།

༉ གསར་སྤང་རྫོང་གསར་བཞེངས་ཀྱི་ལཱ་ནང་ ལས་མི་ལངམ་མེདཔ་ལས་ ཐོགས་ལུས་ཏེ་ཡོདཔ་ཨིན་པས། དེ་ཡང་ རྒྱ་གར་གྱི་ལས་མི་ ལག་རྩལ་ཅན་ཚུ་ ས་མཚམས་སྒོ་ར་བསྡམས་ཞིནམ་ལས་ཚུར་ ནང་ན་ལེན་མ་ཚུགས་པའི་ཁར་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་འོང་མི་ ལས་མི་ཚུ་ཡང་ ཞིང་ལཱ་འབད་བར་ ལོག་ཁྱིམ་ནང་ སོང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *