ཁ་ཙ་ མི་དབང་རྒྱལ་ཡུམ་ ཚེ་རིང་དཔལམོ་དབང་ཕྱུག་མཆོག་གིས་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨ་ལོའི་ཚབས་ཆེན་སྨན་བཅོས་ཀྱི་ རྒྱ་སྐྱེད་སྡེ་ཕྲན་ འགོ་འབྱེད་མཛད་གནང་པའི་བསྒང་།

ཨ་ལོའི་ཚབས་ཆེན་སྨན་བཅོས་ཀྱི་ རྒྱ་སྐྱེད་སྡེ་ཕྲན་འགོ་འབྱེད།

༉ ཁ་ཙ་ མི་དབང་རྒྱལ་ཡུམ་ ཚེ་རིང་དཔལམོ་དབང་ཕྱུག་མཆོག་གིས་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨ་ལོའི་ཚབས་ཆེན་སྨན་བཅོས་ཀྱི་ རྒྱ་སྐྱེད་སྡེ་ཕྲན་ འགོ་འབྱེད་མཛད་གནང་ཡི།
སྡེ་ཕྲན་འགོ་འབྱེད་འབདཝ་དང་འབྲེལ་ མི་དབང་རྒྱལ་ཡུམ་མཆོག་གིས་ ཀེན་སར་ནདཔ་ཚུ་ལུ་ ན་ཟུག་འཇོམས་པའི་ སྨན་བཅོས་བྱིན་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡ གྲོགས་རམ་སྦེ་ གནང་ཡོདཔ་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་གིས་ ན་ཧིང་ སྡེ་ཕྲན་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༦ གནས་པའི་ ཚབས་ཆེན་སྨན་བཅོས་ཀྱི་ ཉལ་ཁྲི་དང་ ལྟ་རྟོག་འཕྲུལ་ཆས་ རླུང་སྒོ་ ཁབ་ དེ་ལས་ འཐེན་འཇིབ་འཕྲུལ་ཆས་ལ་སོགས་པ་ཚུ་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།
ཨ་ལོའི་ཚབས་ཆེན་སྨན་བཅོས་ཀྱི་ རྒྱ་སྐྱེད་སྡེ་ཕྲན་དེ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྤྱི་ལོ་༢༠༡༠ ཟླ་༩ པའི་ནང་ ཉལ་ཁྲི་༤ སྦེ་ གཞི་བཙུགས་འབད་ཡོདཔ་ད་ སྤྱི་ལོ་༢༠༡༤ ལུ་ ད་རུང་ ཁ་སྐོང་ཉལ་ཁྲི་༡ བཙུགས་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཨ་ལོ་ཚུ་ལུ་ སྨན་བཅོས་ལེགས་ལྡན་བྱིན་ཐབས་ལུ་ ཨ་ལོ་ནདཔ་བཞག་ས་དང་ ཨ་ལོའི་ཚབས་ཆེན་སྨན་བཅོས་སྡེ་ཕྲན་༢ སོ་སོར་སྦེ་ བཟོ་དགོཔ་འདུག་ཟེར་ཨིནམ་ད་ ཨ་ལོའི་ཚབས་ཆེན་སྨན་བཅོས་སྡེ་ཕྲན་གྱི་ ཅ་ཆས་ཆ་ཚང་༢ ཡོད་མི་འབདཝ་ད་ ད་རེས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཉལ་ཁྲི་༧ ཡོདཔ་ཨིན་པས།
གཙོ་བསྟེན་སྨན་ཁང་གི་གཙོ་འཛིན་ ལྷབ་རྡོ་རྗེ་གིས་ སླབ་མིའི་ནང་ ཁ་སྐོང་ཉལ་ཁྲི་དེ་གིས་ སྨན་ཁང་གི་ ལྕོགས་གྲུབ་ཡར་དྲག་གཏང་ནི་ལུ་ ཨ་ལོ་མང་སུ་སྦེ་ ཚབས་ཆེན་སྨན་བཅོས་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ ཨ་ལོའི་ཚབས་ཆེན་སྨན་བཅོས་ཀྱི་ རྒྱ་སྐྱེད་སྡེ་ཕྲན་ནང་ ཨ་ལོ་༥ ལས་ལྷག་སྟེ་ མི་ཤོང་དོ་ཡོདཔ་ལས་ ཨ་ལོ་ནདཔ་བཞག་ས་ལུ་ བཞག་དགོཔ་བྱུངམ་མས་ཟེར་ཨིན་པས།
ཨ་ལོ་ཚུ་ལུ་ ཨ་ལོའི་ཚབས་ཆེན་སྨན་བཅོས་ནང་ ཨ་ལོ་བཞག་པ་ཅིགཝན་ སྨན་བཅོས་ཚུ་ ལེགས་ཤོམ་སྦེ་ འབད་དོ་ཡོདཔ་ལས་ ཨ་ལོ་དྲག་ནི་ལུ་ འོས་འབབ་སྦོམ་ཡོད་རུང་ ཨ་ལོ་ནདཔ་བཞག་ས་ཨིན་པ་ཅིན་ ཤི་རྐྱེན་འབྱུང་ནིའི་ཉེན་ཁ་ཡོད་ཟེར་ གཙོ་འཛིན་གྱིས་ བཤད་ཡོདཔ་ཨིན་པས།
ཨ་ལོ་ཚུ་ལུ་ ཨ་ལོའི་ཚབས་ཆེན་སྨན་བཅོས་ཀྱི་ རྒྱ་སྐྱེད་སྡེ་ཕྲན་བརྩིས་ཏེ་ སྨན་ཁང་ནང་ མི་སྟོབས་མ་ལང་པའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ མ་གཞི་ སྨན་གཡོགམོ་དང་ ནད་པའི་ཆ་ཚད་དེ་ སྨན་གཡོགམོ་རེ་ལུ་ ནདཔ་རེ་ཨིན་རུང་ ད་རེས་ སྨན་གཡོགམོ་རེ་གིས་ ནདཔ་༡ ལས་ལྷག་སྟེ་ བལྟ་དགོཔ་ལས་ ནདཔ་ཚུ་ འགོ་ནད་འཐོབ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཨ་ལོའི་ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ འགོ་ནད་ཚུ་ཡང་ སྨན་གཡོགམོ་ཚུ་གིས་ ལགཔ་བཤེདཔ་ད་ ཐོབ་དོ་ཡོདཔ་ད་ གལ་སྲིད་ སྨན་གཡོགམོ་རེ་གིས་ ནདཔ་ཅིག་རྐྱངམ་གཅིག་ བདག་འཛིན་འབད་བ་ཅིན་ འགོ་ནད་འབུ་ནི་གི་ ཉེན་ཁ་ཡང་ མར་ཕབ་འབད་ཚུགས་ནི་མས་ཟེར་ གཙོ་འཛིན་གྱིས་ སླབ་ཨིན་པས།
ད་རེས་ རྒྱ་སྐྱེད་སྡེ་ཕྲན་ནང་ སྨན་གཡོགམོ་༩ གིས་ མ་ལང་པར་ཡོདཔ་ལས་ ཉིན་བསྟར་བཞིན་དུ་ སྐོར་རྒྱབ་༣ གྱི་ཐོག་ལས་ འབད་དོ་ཡོདཔ་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ ད་རེས་ གསོ་བའི་གཙུག་སྡེ་ ག་རའི་ནང་ མི་སྟོབས་ཀྱི་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིནམ་ད་ རང་དབང་གི་ སྨན་ཁང་ཧྲིལ་བུམ་བཟོ་བའི་ཤུལ་ལས་ སྨན་ཁང་གིས་ གནས་ཚད་རང་དབང་ཐོག་ལས་བཟོ་སྟེ་ ལས་བྱེདཔ་ཚུ་ དགོས་མཁོ་དང་འཁྲིལ་ཏེ་ བཙུགས་ཚུགས་ནི་ཨིནམ་ལས་ དེ་གིས་ མི་སྟོབས་ཀྱི་ དཀའ་ངལ་སེལ་ཐབས་འབད་ཚུགས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་ཞལ་འཛོམས་ ནངས་པར་མཇུག་བསྡུ་ནི།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་༨ ནང་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ལམ་ལུགས་དང་ ཁྲིམས་འབྲེལ་གྱི་ལཱ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ བསྟར་སྤྱོད་འབད་ནིའི་ནང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ་ལས་ མི་དམངས་མཁོ་སྒྲུབ་ཞལ་འཛོམས་ཐེངས་༦ པ་དེ་ ཁྱད་རིག་མཁོ་སྒྲུབ་འབད་ནིའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས། ཞལ་འཛོམས་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ …

Leave a Reply

Your email address will not be published. Required fields are marked *