ཨ་ལོ་རྨས་སྐྱེས་ཅིག་ སྒོ་ཅུང་ནང་ལས་ བཀོག་བཏང་པའི་རྩོད་བཤེར་ ཁྲིམས་འདུན་ལུ་ བཙུགས་ཡོདཔ།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ཟླ་༤ པའི་ཚེས་༡༤ ལུ་ ཕུན་ཚོགས་གླིང་ཁྲོམ་ནང་ ཟ་ཁང་ཅིག་གི་ སྒོ་ཅུང་ནང་ལས་ ཨ་ལོ་རྨས་སྐྱེས་ཅིག་ བཀོག་བཏང་པའི་གནད་དོན་ནང་ སློབ་དཔོན་གཉིས་ལུ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ བྱ་ངན་ནང་ སྡོང་གྲོགས་འབད་བའི་ ཉེས་འཛུགས་འབད་ཡོད་མི་དེ་ ཕྱིར་བཏོན་ཐོག་ གནད་དོན་དེ་ རྩོད་བཤེར་དོན་ལུ་ ཁྲིམས་འདུན་ལུ་ བཙུགས་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེ་གིས་ བྱ་ངན་ནང་ ཞིབ་དཔྱད་འབད་བའི་སྐབས་ ཧཱ་རྫོང་ཁག་འོག་གི་ སེག་ཏེ་ནང་སློབ་གྲྭ་ཆུང་བའི་སློབ་དཔོན་དང་ དབུ་འཛིན་ངོ་ཚབ་ དེ་ལས་ སྐྱེས་ལོ་༢༤ ལང་མི་ སློབ་གྲྭ་དེའི་ ཕྱགསམ་འཕྱག་མི་ ཨམ་སྲུ་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།

བྱ་ངན་བྱུང་བའི་ཚེ་ ཨམ་སྲུ་དེ་དང་ སློབ་དཔོན་གཉིས་ ཟ་ཁང་ཅིག་ནང་ ཞག་ཉལ་ཡོདཔ་ད་ དེ་ཚེ་ནུབ་མོ་ ལྟ་སྐོར་ནང་སོང་མི་ ཁྲིམས་སྲུང་འགག་པའི་ སྡེ་ཚན་གྱིས་ ཨ་ལོ་རྨས་སྐྱེས་བུཚ་ཅིག་ བཀོག་བཏང་ཡོདཔ་མཐོང་སྟེ་ ཞིབ་དཔྱད་འབད་བའི་སྐབས་ ཨ་ལོ་དེ་ ཟ་ཁང་དེ་གི་ཐོག་གསུམ་པའི་ སྒོ་ཅུང་ནང་ལས་ བཀོག་བཏང་ཡོདཔ་ཤེས་ནུག།

ཨམ་སྲུ་འཛིན་བཟུང་འབད་མི་དང་འབྲེལ་ ཕོ་སྐྱེས་སློབ་དཔོན་གཉིས་ཡང་ འཛིན་བཟུང་འབད་ཡོདཔ་ད་ དྲི་དཔྱད་འབད་བའི་སྐབས་ ཕྱགསམ་འཕྱག་མི་ ཨམ་སྲུ་དེ་གིས་ ཨ་ལོ་དེ་སྐྱེས་ཡོད་པའི་ ཤེས་རྟོགས་བྱུང་ཡོད་མི་དེ་ཡང་ ཨམ་སྲུ་དེ་ སྨན་ཁང་ནང་ཁྱིད་དེ་ བརྟག་དཔྱད་འབད་བའི་ཤུལ་ལས་རྐྱངམ་གཅིག་ ཁ་བཟེད་ཡོདཔ་ཨིན་པས།

ཟ་ཁང་གི་འཛིན་སྐྱོང་འགོ་དཔོན་གྱིས་ ཀུན་གསལ་ལུ་བཤད་མིའི་ནང་ ཨམ་སྲུ་དེ་ ཟ་ཁང་ནང་འོང་པའི་སྐབས་ ཕོཝ་ནང་ ཨ་ལོ་ཆགས་ཆགསཔ་བཟུམ་སྦེ་ མ་མཐོང་ཟེར་ཨིན་པའི་ཁར་ ཁྲིམས་སྲུང་འགག་སྡེ་གིས་ ཁོང་གསུམ་སྡོད་པའི་ ཁང་མིག་ནང་ ཞིབ་དཔྱད་འབད་བར་འོང་པའི་སྐབས་ ཁང་མིག་ནང་ ཁྲག་ཐིག་པ་གཅིག་ཡང་ མིན་འདུག་ཟེར་ཨིན་པས།

ཨམ་སྲུ་དེ་གིས་ ཤུལ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ ཨ་ལོ་དེ་གི་ཨ་པ་དེ་ སེག་ཏེ་ན་ལུ་ ནོར་རྫིཔ་ཅིག་ཨིན་ཟེར་སླབ་ཡོདཔ་ད་ ཤུལ་ལས་ ཚན་རིག་བརྟག་དཔྱད་འབད་བའི་སྐབས་ ཨ་ལོ་དེ་ མ་ཤི་བར་སྐྱེས་ཡོདཔ་སྦེ་ མཐོང་ནུག།

སློབ་དཔོན་གཉིས་ཀྱི་ ཁྲག་གི་དཔེ་ཚད་ཚུ་ བརྟག་དཔྱད་འབད་ནིའི་དོན་ལུ་ ཀཱོལ་ཀ་ཊ་ལུ་བཏང་ཡོད་མི་དེ་ ད་ལྟོ་ མ་ལྷོད་པར་ཡོདཔ་ད་ སློབ་དཔོན་གཉིས་ཆ་ར་ ཤུལ་ལས་ དོ་དམ་ནང་ལས་ གློད་གྲོལ་བཏང་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ བྱ་ངན་དེ་ལུ་ ཞིབ་དཔྱད་འབད་བའི་སྐབས་ བདེན་ཁུངས་ཚུ་འཐོབ་མ་ཚུགསཔ་ལས་ སེག་ཏེ་ན་ལུ་ ཞིབ་དཔྱད་འབད་བར་ སྡེ་ཚན་ཅིག་བཏང་པའི་སྐབས་ ཨ་ལོ་དེ་གི་ཨ་པ་དེ་ སྐྱེས་ལོ་༡༩ ལང་མི་ སློབ་རིམ་བརྒྱད་པའི་ སློབ་ཕྲུག་ཅིག་ཨིནམ་ཤེས་ཡོདཔ་ད་ ཨམ་སྲུ་དེ་གིས་ བུཚ་དེ་ སྐྱེས་ལོ་༡༦ ལངམ་ད་ ཨ་ལོ་ཆགས་ཡོདཔ་ལས་ སྨན་ཟ་སྟེ་ བཏོན་བཏང་ནུག་ཟེར་ཨིན་པས།

ཨམ་སྲུ་དེ་གིས་འབད་བ་ཅིན་ ཨ་ལོ་དེ་ བཀོག་བཏང་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ད་ མོ་ལུ་ ཁས་བླངས་ཐོག་ལས་ མི་བསད་པའི་ཉེས་འཛུགས་འབད་ཡོདཔ་མ་ཚད་ མོ་རའི་ ཨ་རོགས་དགའ་རོགས་དང་གཅིག་ཁར་ སྤྱི་ལོ་༢༠༡༦ ལུ་ ལུས་འབྲེལ་འབད་བའི་སྐབས་ བུཚ་དེ་ སྐྱེས་ལོ་༡༦ རྐྱངམ་གཅིག་ ལང་ཡོདཔ་ལས་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་བའི་ ཉེས་འཛུགས་ཡང་ འབད་ཡོདཔ་ཨིན་པས།

བྱ་ངན་བྱུང་པའི་སྐབས་ སློབ་དཔོན་གཉིས་ཆ་ར་ ཁང་མིག་ཅིག་ནང་ སྡོད་ཡོདཔ་ལས་ ཁྲིམས་སྲུང་འགག་པ་གིས་ བྱ་ངན་ནང་ཕན་གྲོགས་འབད་བའི་ ཉེས་འཛུགས་འབད་ཡོདཔ་ད་ དེ་ཡང་ སྨན་ཁང་གི་སྙན་ཞུ་ནང་ ཨམ་སྲུ་དེ་ ལྗིད་ཚད་ཀེ་ཇི་༣.༦ འབད་མི་ ཨ་ལོ་སྐྱེ་ནིའི་དོན་ལུ་ མོ་ར་རྐྱངམ་ཅིག་གིས་ འབད་མི་ཚུགས་ནི་ཨིན་པའི་ཁར་ ཁོང་གཉིས་ཀྱིས་མ་ཤེསཔ་སྦེ་ འབད་མི་སྲིད་འོང་ཟེར་ བཀོད་ཡོདཔ་ལས་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སློབ་དཔོན་གཉིས་ལུ་བཀལ་མི་ ཉེས་འཛུགས་དེ་ལུ་ སྒྲུབ་བྱེད་རུང་བའི་ སྒྲུབ་བྱེད་མེདཔ་ལས་ ཕྱིར་བཏོན་འབད་ཡོད་ཟེར་ རྩོད་བཤེར་ནང་ འབྲེལ་བ་ཡོད་མི་ཅིག་གིས་བཤད་ཅི།

ཧཱ་ རྫོང་ཁག་ཤེས་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ སློབ་དཔོན་གཉིས་ཆ་ར་ སློབ་གྲྭ་ནང་ལོག་འཛུལ་ཏེ་ དཔེ་ཆ་སྟོན་པའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཐུན་རྐྱེན་བཏོག་མི་གིས་ གདོང་ལེན་འབྱུང་ནི།

༉ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ཚུན་ ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ དྲོ་པ་དང་ ཉིན་མའི་ལྟོ་དང་ འབྲུག་གཞུང་གིས་ ཚོད་བསྲེ་གི་ འཐུས་བྱིན་ཏེ་ཡོད་མི་དེ་ སང་ཕོད་ལས་ མི་བྱིན་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ …

Leave a Reply

Your email address will not be published. Required fields are marked *