གསོ་བའི་བློན་པོ་ བདེ་ཆེན་དབང་མོ།

ཨ་ཡུར་ཝེ་ཌ་གི་ སློབ་སྦྱོང་འབད་བར་བཏང་མི་དེ་ ག་ལུ་འཛོལ་བ་ཡོདཔ་སྨོ?

༉ སྤྱི་ལོ་༢༠༡༡ ལུ་ སློབ་རིམ་༡༢ པ་མཇུག་བསྡུ་མི་ ན་གཞོན་སྡེ་ཚན་ཅིག་ གཞུང་གིས་ སློབ་གཉེར་གྲོགས་རམ་ཐོག་ལས་ ཨ་ཡུར་ཝེ་ཌ་གི་ སློབ་སྦྱོང་འབད་བར་བཏང་མི་ཚུ་ ལོག་རྒྱལ་ཁབ་ནང་ལྷོད་པའི་ཤུལ་ལས་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་བྱུང་མི་གནད་དོན་དེ་ ད་རེས་ རྒྱལ་ཡོངས་ཚོགས་འདུའི་ནང་ རྩོད་འགྲན་ཅན་གྱི་ གནད་དོན་ཅིག་ལུ་གྱུར་ཡི།
དེ་ཡང་ རེས་གཟའ་ལྷག་པ་ལུ་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ གཞུང་གི་བཀའ་རྒྱའི་ཐོག་ལས་ ན་གཞོན་ཚུ་ ལོ་༥ དང་༦ རེ་འགོར་མི་ སློབ་སྦྱོང་འབད་བར་བཏང་ཡོད་རུང་ ད་རེས་འབདཝ་ད་ ཁོང་གི་ལག་ཁྱེར་ཚུ་ གཞུང་གིས་ ངོས་འཛིན་མ་འབད་མ་བཏུབ་མི་ལུ་བརྟེན་ ལཱ་གཡོག་མེད་པར་ སྡོད་ནུག་ཟེར་ཞུ་ཡི།
ན་གཞོན་ཚུ་ཡང་ སྤྱི་ལོ་༢༠༡༡ ལུ་ གཞུང་གིས་ ཤེས་རིག་ལྷན་ཁག་ལུ་ ལེགས་སྦྱར་སྐད་ཡིག་དང་ པཱ་ལི་ རྩིས་ དེ་ལས་ ཨ་ཡུར་ཝེ་ཌ་ཚུ་ནང་ སློབ་སྦྱོང་འབད་བར་གཏང་དགོ་པའི་ བཀའ་རྒྱ་བཏོན་ཏེ་ བཏང་ནུག་ཟེར་ཨིན་པས།
ཨིན་རུང་ ད་རེས་ ན་གཞོན་ཚུ་གིས་ གསོ་བའི་ལྷན་ཁག་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་གཅིག་ཁར་ གྲོས་བསྟུན་འབདཝ་ད་ ཁོང་གི་ལག་ཁྱེར་དེ་ ནང་པའི་སྨན་གྱི་ གསོ་བ་རིག་པའི་གྲས་ཁར་ མི་ཚུད་ཟེར་ངོས་འཛིན་འབད་མ་བཏུབ་པས་ཟེར་ཨིན་པས།
འཐུས་མི་གིས་འབད་བ་ཅིན་ གཞུང་གིས་ དམིགས་བསལ་དུ་ སྦྱོང་བརྡར་དེ་ནང་ གཏང་དགོཔ་སྦེ་ བཀོད་དེ་ཡོད་པའི་ཁར་ སྨན་གྱི་ཁྲིམས་ཀྱི་ དཔྱད་ཡིག་དོན་ཚན་༤༨ པའི་༦ པའི་ནང་ ནང་པའི་སྨན་གྱི་གྲངས་ལུ་ ཨ་ཡུར་ཝེ་ཌ་དང་ ཨུ་ན་མི་ དེ་ལས་ སི་དྷ་ཚུ་ གྲལ་བཤད་ནང་ ནང་པའི་སྨན་གྱི་གྲངས་སུ་ཚུད་དེ་འདུག་ཟེར་ཞུ་ཡི།
འཐུས་མི་གིས་ ན་གཞོན་ཚུ་གིས་ ལཱ་གཡོག་མ་ཐོབ་མི་དེ་ ངོ་མ་ར་ གཞུང་གི་སྲིད་བྱུས་ལུ་བརྟེན་ ཉམས་རྒུད་བྱུང་ཡོདཔ་ད་ ཁོང་ལུ་འཛོལ་བ་མེདཔ་ལས་ གཞུང་གིས་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ན་ཟེར་ དྲི་བ་ཞུ་ཡི།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ ཚ་གྱང་སྦོམ་ཤོས་ར་ ན་གཞོན་སྡེ་ཚན་དེ་དང་གཅིག་ཁར་ ཡང་བསྐྱར་ཕྱད་པའི་སྐབས་ ན་གཞོན་ཚུ་ སློབ་གཉེར་གྲོགས་རམ་ནང་བཏངམ་ད་ དུམ་གྲ་ཅིག་ མ་འཛོལ་ག་ཟེར་བའི་ དོགས་པ་ཡོད་ཟེར་ཞུ་ཡི།
སྦྱོང་བརྡར་དེ་ནང་སོང་མི་ ལ་ལོ་ཅིག་གིས་ བཟོ་རིག་དང་ སོ་དཔྱད་རིག་པའི་སྦྱོང་བརྡར་འབད་ནིའི་ གོ་སྐབས་ཚུ་ཐོབ་ཡོད་རུང་ འགོ་དཔོན་ཚུ་གིས་ ཨ་ཡུར་ཝེ་ཌ་གི་ སློབ་སྦྱོང་འབད་བར་འགྱོ་བ་ཅིན་ ཨེམ་བི་བི་ཨེསི་དང་ ཅོག་འཐདཔ་ཨིན་ཟེར་སླབ་སྟེ་ བཏང་ནུག་ཟེར་ཨིན་པས།
སྡེ་ཚད་དང་གཅིག་ཁར་ ཐེངས་༥ དེ་ཅིག་ཕྱད་ཡོདཔ་བཞིན་དུ་ ན་གཞོན་ཚུ་གིས་འབད་བ་ཅིན་ འབྲེལ་ཡོད་འགོ་དཔོན་ཚུ་གི་ བསླབ་བྱ་དང་འཁྲིལ་ཏེ་སོང་ཡི་ཟེར་ སླབ་ནི་འདུག་ཟེར་ཞུ་ཡི།
བློན་པོ་གིས་ ན་གཞོན་ཚུ་ལུ་ བདེན་པ་ཡོད་མི་དེ་ཡང་ སྦྱོང་བརྡར་ནང་ བཏང་བའི་ཤུལ་ལས་ འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཚུ་ སོར་དགོཔ་ཅིག་ཨིན་རུང་ དེ་ཚུ་ ག་ནི་ཡང་མ་འབད་བར་ བཞག་ནུག་ཟེར་ཨིནམ་ད་ ད་རེས་ ན་གཞོན་ཚུ་ མཐོ་རིམ་མཇུག་བསྡུ་སྟེ་ ལོག་རྒྱལ་ཁབ་ནང་ལྷོདཔ་ད་ བཅའ་ཁྲིམས་ཚུ་དང་འཁྲིལཝ་ད་ གཞུང་གིས་ ག་ནི་ཡང་ འབད་ཐབས་མེད་པའི་ གནས་སྟངས་ནང་འདུག་ཟེར་ཨིན་པས།
ང་བཅས་ཀྱིས་ ཁྲིམས་དང་འཁྲིལ་འབད་དགོཔ་ལས་ འབད་ཐབས་ག་ནི་ཡང་མིན་འདུག་ཟེར་ བློན་པོ་གིས་ ཞུ་ཡོདཔ་ད་ གཞུང་གི་ གསོ་བའི་བཅའ་ཁྲིམས་དང་འཁྲིལཝ་ད་ ཀ་ཝང་བྱང་ས་ལུ་ཡོད་མི་ ནང་པའི་སྨན་ཁང་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་བྱིན་མི་ ཞབས་ཏོག་དེ་༢ ལས་བརྒལ་ གཞན་གསོ་བའི་ཞབས་ཏོག་ཚུ་ ངོས་འཛིན་འབད་ནིའི་ དབང་ཚད་མིན་འདུག་ཟེར་ཨིན་པས།
ད་ལྟོ་ ལག་ཁྱེར་འཆང་མི་༩ ཡོད་མི་ལས་༢ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་པར་སོང་ཡོདཔ་ད་ གཞུང་མིན་ཚོགས་དང་ ཀཱེན་སར་ལས་སྡེ་ཚུ་ནང་ལས་ཕར་ ལཱ་འབད་དོ་ཡོདཔ་ད་ གསོ་བའི་ལྷན་ཁག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་གཅིག་ཁར་ཡང་ གནད་དོན་དེ་ལུ་ གྲོས་བསྟུན་ཚུ་འབད་ཡི་ཟེར་ཨིན་པས།
འབད་ཐབས་ཡོད་པ་ཅིན་ ཁོང་ལུ་ གོ་སྐབས་སྤྲོད་དེ་ ཞི་གཡོག་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་བ་ཅིན་ གོ་སྐབས་བྱིན་དགོ་པའི་སྐོར་ལས་ཡང་ བློ་བོ་སླབ་ལྟ་ཡི་ཟེར་ བློན་པོ་གིས་ ཚོགས་ཁང་ནང་ཞུ་ཡི།
དེ་མ་ཚད་ ན་ལོན་དང་ཆེ་རིམ་སློབ་གྲྭའི་ ཡིག་ཚང་དང་གཅིག་ཁར་ཡང་ གྲོས་བསྟུན་འབད་དེ་ ད་ལྟོ་ སྦྱོང་བརྡར་དེ་ནང་ སྦྱོང་བརྡར་འབད་བཞིན་ཡོད་མི་ ན་གཞོན་ཚུ་གིས་ ཨེམ་བི་བི་ཨེསི་གི་ སྦྱོང་བརྡར་འབད་ནིའི་ གོ་སྐབས་སྤྲོད་ཐབས་ཚུ་ ག་དེ་སྦེ་འོང་ག་ཟེར་བའི་ གྲོས་བསྟུན་ཚུ་ཡང་ འབད་ཡི་ཟེར་ཨིན་པས།
བློན་པོ་གིས་ ན་གཞོན་ཚུ་གི་ གནས་སྟངས་ལུ་ལྟཝ་ད་ བློ་ཕམ་བྱུངམ་མས་ཟེར་ཨིནམ་ད་ འཐུས་ཤོར་མི་ཚུ་གིས་ འགན་འཁྲི་འབག་དགོཔ་འདུག་ཟེར་ཨིནམ་ད་ ཁ་བཀོད་བྱིན་མི་ཚུ་འབོ་སྟེ་ འགན་འཁྲི་བཀལ་དགོཔ་བཟུམ་སྦེ་ཡང་ མཐོངམ་མས་ཟེར་ཨིན་པས།
སྦྱོང་བརྡར་དེ་ནང་ བསྡོམས་ཀྱིས་ན་གཞོན་༢༠ དེ་ཅིག་ཡོདཔ་ལས་ ད་ལྟོ་ལས་ འཆར་གཞི་ལེགས་ཤོམ་སྦེ་ མ་རྩམ་པ་ཅིན་ དེ་བཟུམ་མའི་འཛགས་ལུད་ ལེ་ཤ་འཐོན་འོང་ཟེར་ བློན་པོ་གིས་ཞུ་ཡི།
འཐུས་མི་གིས་འབད་བ་ཅིན་ གསོ་བའི་བློན་པོ་གིས་ ཞུ་དོ་བཟུམ་སྦེ་ གསོ་བའི་ཁྲིམས་ནང་ སྟབས་མ་བདེཝ་མིན་འདུག་ཟེར་ཨིནམ་ད་ ཨ་ཡུར་ཝེ་ཌ་དེ་ ཧེ་མ་ལས་ ཁྲིམས་ནང་བཀོད་དེ་འདུག་ཟེར་ཨིན་པས།
ཁོ་གིས་ རྒྱལ་ཁབ་ནང་ ཨ་ཡུར་ཝེ་ཌ་གི་སྨན་རིགས་༩༦ དེ་ཅིག་ བཙོང་སྟེ་ཡོད་རུང་ ན་གཞོན་ཚུ་གིས་ སྨན་དེ་དང་འབྲེལ་བའི་ལཱ་དེ་ འབད་མ་བཅུག་པས་ཟེར་ཨིན་པས།
ནང་པའི་གསོ་རིག་སློབ་སྦྱོང་སྤེལ་ཁང་ནང་ ལས་ལྔ་ཟེར་མི་དེ་ཡང་ ལྷབ་དོ་ཡོདཔ་ལས་ དེ་ཡང་ སྦྱོང་བརྡར་དེ་དང་འབྲེལ་བ་འདུག་ཟེར་ཨིནམ་ད་ ན་གཞོན་ཚུ་གི་ རེ་བ་ལས་འབད་བ་ཅིན་ སྦྱོང་བརྡར་འབད་མི་དེ་ནང་ར་ ལཱ་འབད་ནིའི་ རེ་འདོད་འདུག་ཟེར་ཞུ་ཡི།
བློན་པོ་གིས་ ཁྲིམས་དེ་ནང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ངོས་འཛིན་འབད་མིའི་གྲངས་སུ་ མ་ཚུད་པས་ཟེར་ དོགས་སེལ་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *