༉ ཁ་ཙ་ ཨཱསི་ཊེ་ལི་ཡའི་གཞུང་གི་ཧོངས་ལས་ འབྲུག་གི་དོན་ལུ་ ཨཱསི་ཊེ་ལི་ཡའི་གཞུང་ཚབ་ ཨམ་ཧ་རིན་དར་སི་དུ་གིས་ ཨ་ཞེ་བཀྲ་ཤིས་ཆོས་འཛོམས་རྡོ་རྗེ་ལུ་ ཨོ་ནོ་ར་རི་ ཨོ་ཕི་སར་ཟེར་མི་ སྤྱིར་བཏང་སྡེ་ཚན་ནང་འཁོད་ཀྱི་ ཨོ་ཌར་ ཨོཕ་ ཨཱསི་ཊེ་ལི་ཡ་གཟེངས་བསྟོད་ཀྱི་ རྟགས་མ་ཕུལ་ཡོདཔ་ཨིན་པས།
རྟགས་མའི་གཞུང་འབྲེལ་མཛད་སྒོ་དེ་ཡང་ མུ་ཏིག་ཐང་འཆི་མེད་དགའ་ཚལ་ཕོ་བྲང་ནང་སྦེ་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ མཛད་གནང་སར་ མི་དབང་རྒྱལ་ཡུམ་ལྷན་རྒྱས་དང་ མི་དབང་སྐུ་འཁོར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ ཨ་ཞེ་བཀྲིས་ཆོས་འཛོམས་རྡོ་རྗེའི་ ཆ་རོགས་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ གོང་གཟིམ་བསོད་ནམས་སྟོབས་རྒྱས་རྡོ་རྗེ་དང་ སི་ཀིམ་གྱི་རྒྱལ་སྲསམོ་ ར་ནི་ཆོས་དབྱིངས་དབང་མོ་རྡོ་རྗེ་༢ ཀྱི་སྲསམོ་ ཨ་ཞེ་བཀྲ་ཤིས་ཆོས་འཛོམས་རྡོ་རྗེ་ལུ་ གཟེངས་བསྟོད་ཀྱི་ རྟགས་མ་གནང་མི་དེ་ཡང་ མོ་གིས་ ཨཱསི་ཊེ་ལི་ཡ་དང་ འབྲུག་གི་མཐུན་འབྲེལ་ནང་ལས་ཡང་ དམིགས་བསལ་དུ་ ཤེས་རིག་སྡེ་ཚན་ནང་ མཉམ་འབྲེལ་བཟོ་ནིའི་ནང་ ལྷན་ཐབས་གནང་མི་དང་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་དང་ འབྲེལ་བ་བཟོ་ནིའི་ནང་ འབད་བརྩོན་བསྐྱེད་གནང་པའི་ ངོས་འཛིན་ལུ་ཨིན་པས།
ཨ་ཞེ་བཀྲིས་ཀྱིས་ འབྲུག་དང་ ཨཱསི་ཊེ་ལི་ཡའི་བར་ན་ མཐུན་ལམ་བླ་ན་མེད་པར་ གོང་འཕེལ་འགྱོ་ནི་གི་ གཞི་འགྱམ་བཙུགས་གནང་མི་ལུ་བརྟེན་ ད་རེས་ནངས་པར་ ཤེས་རིག་སྡེ་ཚན་ནང་ མཉམ་འབྲེལ་ཁྱད་འཕགས་ཅན་ བྱུང་བཞིན་དུ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཨཱསི་ཊེ་ལི་ཡའི་ གཟེངས་བསྟོད་/ཆེ་བསྟོད་དམ་ བྱམས་གུས་ཀྱི་ རྟགས་མའི་ལམ་ལུགས་དེ་ སྤྱི་ལོ་༡༩༧༥ ཟླ་༢ པའི་ཚེས་༡༤ ལུ་ ཨཱསི་ཊེ་ལི་ཡའི་རྒྱལམོ་ ཨེ་ལི་ཟ་བཱད་༢ པ་མཆོག་གིས་ ཁྱད་འཕགས་ཅན་དང་ གཟེངས་ཐོན་བྱུང་བའམ་ བསྔགས་པར་འོང་པའི་ ཞབས་ཏོག་ཞུ་མི་ ཨཱསི་ཊ་ལི་ཡའི་ མི་ཁུངས་དང་ མི་ངོམ་གཞན་ཚུ་ ངོས་འཛིན་གནང་ནིའི་དོན་ལས་ གཞི་བཙུགས་འབད་ཡོདཔ་ད་ གཟེངས་བསྟོད་ཀྱི་ རྟགས་མ་དེ་ལུ་ སྤྱིར་བཏང་དང་ དྲག་པོའི་སྡེ་ཚན་གཉིས་ཆ་རའི་ནང་ གནས་རིམ་༤ སྦེ་བཟོ་སྟེ་ཡོདཔ་ཨིན་པས།
སྤྱི་ལོ་༡༩༦༢ ལུ་ འབྲུག་རྒྱལ་ཁབ་འདི་ ཀོ་ལོམ་བོ་ པ་ལཱན་ཟེར་མི་ འཆར་གཞི་ལས་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་ཚུགས་མི་དེ་ ཨ་ཞེ་བཀྲིས་ཀྱིས་ ཨཱསི་ཊེ་ལི་ཡ་ལས་ རྒྱབ་སྐྱོར་ཐོབ་པའི་ བཀའ་དྲིན་ལུ་བརྟེན་ཨིནམ་ད་ ཀོ་ལོམ་བོ་འཆར་གཞི་ལས་ཚོགས་དེ་ འབྲུག་གིས་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་ རྒྱལ་སྤྱི་ལས་སྡེ་དང་པ་ཨིན་པས།
ཀོ་ལོམ་བོ་ལས་ཚོགས་ནང་ འཛུལ་ཞུགས་འབད་མི་དེ་ འབྲུག་གི་ཕྱི་འབྲེལ་མཐུན་འབྲེལ་ནང་ བྱུང་རབས་གལ་གནད་ཅན་ཅིག་ཨིན་མི་དེ་ཡང་ དེ་གིས་ འབྲུག་འདི་ སྤྱི་ལོ་༡༩༧༡ ལུ་ འཛམ་གླིང་སྤྱི་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནི་ལུ་ ལྷན་ཐབས་བྱུང་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཨ་ཞེ་བཀྲ་ཤིས་ཆོས་འཛོམས་རྡོ་རྗེ་དེ་ ཨོ་ཌར་ ཨོཕ་ ཨཱསི་ཊ་ལི་ཡའི་ གཟེངས་བསྟོད་ཀྱི་ རྟགས་མ་ཐོབ་མི་ འབྲུག་མི་དང་པ་ཨིན་པས།
ཨཱསི་ཊེ་ལི་ཡའི་གཞུང་ཚབ་ ཧ་རིན་དར་སི་དུ་གིས་ ཨཱསི་ཊེ་ལི་ཡ་དང་ འབྲུག་གི་མཐུན་འབྲེལ་གོང་འཕེལ་ནང་ ལྷན་ཐབས་རྒྱ་ཆེ་སྦེ་གནང་མི་ ཨ་ཞེ་བཀྲ་ཤིས་ལུ་ ཨཱསི་ཊེ་ལི་པའི་ གཟེངས་བསྟོད་རྟགས་མ་ཕུལ་ནི་གི་ གོ་སྐབས་ཐོབ་ལས་ མོ་ར་ བསྐལ་བ་བཟང་ཡི་ཟེར་ བཤདཔ་མ་ཚད་ རྟགས་མ་འདི་གིས་ ཨཱསི་ཊེ་ལི་ཡའི་ ཁ་ཐུག་ལས་ འབྲུག་ལུ་ མཐུན་འབྲེལ་ནང་ གུས་ཞབས་དང་ བརྩི་མཐོང་ག་དེམ་ཅིག་ཡོདཔ་ཨིན་ན་ བརྡ་མཚོན་གསལ་སྟོན་འབདཝ་ཨིན་ཟེར་ བཤདཔ་ཨིན་པས།
ཨཱསི་ཊེ་ལི་ཡ་གཞུང་ཚབ་ལས་ཁང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ ཨ་ཞེ་བཀྲིས་ཆོས་འཛོམས་རྡོ་རྗེ་གིས་ འབྲུག་ལུ་ ཨཱསི་ཊེ་ལི་ཡ་གཞུང་གི་ གོང་འཕེལ་ལས་རིམ་ གཞི་བཙུགས་ཀྱི་ ཆ་རོགས་མཛད་ཡོདཔ་ལས་ ཤེས་རིག་ནང་ ཡུན་རིང་གི་ མཐུན་འབྲེལ་ལུ་ གྱུར་ཏེ་ཡོདཔ་བཞིན་དུ་ ད་རེས་ནངས་པར་ འབྲུག་གི་སློབ་ཕྲུག་༡,༤༥༠ཨཱསི་ཊེ་ལི་ཡ་ལུ་ ཤེས་ཡོན་སྦྱང་པའི་བསྒང་ཡོད་ཟེར་ བཀོད་ཡོདཔ་ད་ ཨ་ཞེ་བཀྲིས་ཀྱིས་ ཨཱསི་ཊེ་ལི་དང་ འབྲུག་གི་མཐུན་འབྲེལ་མཐུན་ཚོགས་གཞི་བཙུགས་འབད་ནི་ལུ་ཡང་ ཆ་རོགས་མཛད་ཡོད་ཟེར་བཀོད་ནུག།
ཨོ་ནོ་ར་རི་གཟེངས་བསྟོད་རྟགས་མ་དེ་ ཨཱསི་ཊ་ལི་ཡའི་ མི་ཁུངས་མེན་རུང་ ཨཱསི་ཊེ་ལི་ཡ་དང་ ཡང་ཅིན་ འགྲོ་བ་མིའི་མཐའ་དོན་ལུ་ དམིགས་བསལ་གྱི་ ཞབས་ཏོག་གྲུབ་མི་ཚུ་ལུ་ བྱིན་དོ་ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།