ཨ་མོ་ཆུའི་ གྱང་རྩིག་བཟོ་སྐྲུན་ནང ནང་གསུག་སྤྲོད་ལེན་གྱི་ རྩོད་དོན་ཕྱིར་བཤོལ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཨ་མོ་ཆུ་མཐའམ་བདའ་སྟེ་ གྱང་རྩིག་བཟོ་སྐྲུན་དང་འབྲེལ་བའི་ གཡོ་སྒྱུ་དང་ ནང་གསུག་སྤྲོད་ལེན་གྱི་ རྩོད་དོན་ནང་ རིག་གསར་བཟོ་སྐྲུན་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་དང་ ཕུན་ཚོགས་གླིང་ཁྲོམ་སྡེའི་ བཀོད་ཁྱབ་དྲུང་ཆེན་བགྲེསཔ་༢ ལུ་ ཉེས་བཤེར་མི་འབད་ནི་སྦེ་ གྲོས་ཐག་བཅད་ནུག།

དེ་ཡང་ ཡོངས་གྲགས་ལུ་ ཏུར་ས་ཟེར་སླབ་མི་ ཨ་མོ་ཆུ་མཐའམ་བདའ་སྟེ་ ལྕགས་ཀྱི་དྲྭ་མིག་ལག་ལེན་ཐོག་ ཆུ་བྱག་རྐྱབ་ནིའི་ རིན་བསྡུར་གོང་ཚད་བཀོད་མི་ལུ་ ངོས་ལེན་འབད་མི་དེ་ ཁྲིམས་མཐུན་ཨིནམ་ལས་ ཉེས་བཤེར་འབད་དགོ་པའི་ འོས་ཁུངས་མ་མཐོང་མི་ལུ་བརྟེན་ རྩོད་དོན་དེ་ ཕྱིར་བཤོལ་འབད་ཡོདཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ སྤྱི་ཟླ་༥ པའི་ཚེས་༢༠ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཡི་གུ་བྲིས་ནུག།

སྤྱི་ཟླ་༥ པའི་ཚེས་༢༡ ལུ་ ལོ་ལྔའི་གནས་ཡུན་ཚང་མི་ རྩོད་དཔོན་ཡོངས་ཁྱབ་ ཤེས་རབ་ལྷུན་གྲུབ་ཀྱིས་ བཀོད་མིའི་ནང་ ཕུན་ཚོགས་གླིང་ཁྲོམ་སྡེ་རིན་བསྡུར་ཚོགས་ཆུང་གིས་ གྱང་རྩིག་རྐྱབ་ནི་གི་ལཱ་དེ་ ཁག་འབགཔ་ལུ་ བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་འཁྲིལ་ སྤྲོད་ནུག་ཟེར་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་བཏང་མི་ ཞིབ་དཔྱད་སྙན་ཞུ་ནང་ རིག་གསར་གྱི་ བཀོད་ཁྱབ་མདོ་ཆེན་གྱིས་ སྤྱི་གཡོགཔ་ལུ་ དགའ་ཚོར་གྱི་འཐུས་སྦེ་ དངུལ་ཀྲམ་༢༥༠,༠༠༠ ནང་གསུག་བྱིན་པའི་ ཉེས་འཛུགས་དང་ ཁྲོམ་སྡེའི་བཀོད་ཁྱབ་དྲུན་ཆེན་བགྲེསཔ་ དབང་ཕྱུག་མཐའ་ཡས་ལུ་ ནང་གསུག་ལེན་པའི་ ཉེས་འཛུགས་བཀལ་དགོ་པའི་ གྲོས་འདེབས་བཀོད་ནུག།

ད་རུང་ བཀོད་ཁྱབ་དྲུང་ཆེན་བགྲེསཔ་ལུ་ གྱང་རྩིག་རྐྱབ་ནིའི་དོན་ལས་ ཁྲོམ་སྡེ་དང་ གྲོས་བསྟུན་མེད་པར་ འཆར་དངུལ་བསྐྱར་བཅོས་འབད་དེ་ བྱ་སྒོ་ལོག་སྤྱོད་འབད་བའི་ ཉེས་འཛུགས་བཀལ་དགོཔ་སྦེ་ ལྷན་ཚོགས་ཀྱིས་ གྲོས་འདེབས་བཀོད་ནུག།

དེ་བཟུམ་སྦེ་ ཤེས་རབ་ལྷུན་གྲུབ་ལུ་ གྱང་རྩིག་ཐེབས་རྐྱབ་མི་ལུ་ ཟད་འགྲོ་མི་ལེན་ནི་སྦེ་ ཁ་ཚིག་བཟོ་ཡོད་རུང་ ཤུལ་ལས་ དངུལ་ཀྲམ་ས་ཡ་༣.༢༥༢ ལྷགཔ་ཅིག་ ཐོབ་བརྗོད་བཀོད་མི་དེ་ གཞུང་ལུ་ སོར་ཆུད་འབད་དགོཔ་དང་ ཁྲོམ་སྡེ་རིན་བསྡུར་ཚོགས་ཆུང་གིས་ གྱང་རྩིག་བཟོ་སྐྲུན་གྱི་དོན་ལུ་ སྔོན་རྩིས་ཟད་འགྲོ་ཚུལ་ལྡན་སྦེ་ བཏོན་ནིའི་དང་ འཐུས་ཤོར་བྱུངམ་ལས་ ཕུན་ཚོགས་གླིང་ཁྲོམ་སྡེའི་ འཛིན་སྐྱོང་གིས་ འཐུས་མི་ཚུ་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་དགོ་པའི་ གྲོས་འདེབས་བཀོད་ནུག།

ཨ་མོ་ཆུ་ལུ་ ཆུ་བྱག་རྐྱབ་ནིའི་ ཁག་འབག་ལཱ་དེ་ རིན་བསྡུར་མ་འབད་བར་ སྤྲོད་མི་དང་ ཁག་འབགཔ་གིས་ སྤྱི་གཡོགཔ་ལུ་ ནང་གསུག་རྐྱབ་མི་ དེ་ལས་ རིན་བསྡུར་ཚོགས་ཆུང་གི་ གྲོས་ཆོད་ཚུ་ལས་ འགལ་བའི་ཁར་ བྱ་བའི་གནད་སྤྱོད་དང་མ་འཁྲིལ་བར་ མ་དངུལ་ཁ་སྐོང་བསྐྱར་བཟོ་འབད་ཡོད་པའི་སྐོར་ ལྷན་ཚོགས་ཀྱིས་ གསང་བའི་སྙན་ཞུ་ཐོབ་མི་དང་འཁྲིལ་ ཞིབ་དཔྱད་རྐྱབ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༦ ལུ་ ཕུན་ཚོགས་གླིང་ལུ་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་མི་ལུ་བརྟེན་ ཆུ་རུད་ཀྱི་ རྐྱེན་ངན་ཚབས་ཆེན་ བྱུང་པའི་ཤུལ་ལུ་ ཏུར་ས་དང་ ཨོམ་ཆུ་གཉིས་ཆ་ར་བྲེས་ཏེ་ གཙང་ཆུའི་མཐའམ་བདའ་སྟེ་ གཞིས་ཆགས་མི་ཚུ་ནང་ ཆུ་རུད་ཐོན་ཏེ་ ཁང་ཁྱིམ་དང་ རྒྱུ་དངོས་ཚུ་ མེདཔ་བཏང་ཡོདཔ་མ་ཚད་ མིའི་ཚེ་སྲོག་ཚུ་ལུ་ཡང་ གནོད་ཉེན་སྦོམ་ བྱུང་ཡོདཔ་ཨིན་པས།

ལོ་དེ་གི་ ཉམས་མྱོང་ངན་པ་དང་ གནོད་ཉེན་ཚུ་ བྱུང་མི་ལུ་ གཞི་བཞག་སྟེ་ སྤྱི་ལོ་༢༠༡༧ ལུ་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ ཨ་མོ་ཆུ་མཐའམ་བདའ་སྟེ་ གྱང་རྩི་རྐྱབ་ནིའི་ ལས་འགུལ་འགོ་བཙུགས་ཡོདཔ་ད་ དེ་ཡང་ རིག་གསར་བཟོ་སྐྲུན་ལས་སྡེ་གིས་ མ་དངུལ་ས་ཡ་༡༡.༢ སྦེ་ སྤྱི་ལོ་༢༠༡༧ ཟླ་༣ པའི་ཚེས་༢༧ ལས་ ཟླ་༥ པའི་ཚེས་༢༢ ཚུན་ བཟོ་སྐྲུན་འབད་ནུག།

ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ད་ རིག་གསར་བཟོ་སྐྲུན་ལས་སྡེ་ལུ་ ཏུར་ས་གཙང་ཆུ་ལས་ རྡོ་བཏོན་ནི་དང་ ཆུ་གཤམ་སེལ་ནིའི་ ལཱ་སྤྲོད་ཚར་བའི་ཤུལ་ལུ་ སྤྱི་ལོ་༢༠༡༧ ཟླ་༡ པའི་ནང་ དབང་ཕྱུག་མཐའ་ཡས་ཀྱིས་ ཁོ་རའི་དབང་ཚད་དེ་ ཚུལ་མིན་གྱི་སྒོ་ལས་སྤྱོད་དེ་ ཨ་མོ་ཆུ་བདའ་སྟེ་ རིང་ཐུང་མི་ཊར་༢༥༠ འབད་མི་ གྱང་རྩིག་རྐྱབ་ནིའི་ ཁག་འབག་ལཱ་དེ་ ཐད་ཀར་དུ་ རིག་གསར་བཟོ་སྐྲུན་ལས་སྡེ་ལུ་ བྱིན་ཐབས་ལུ་ མ་དངུལ་ས་ཡ་༤.༥༠༢ གནང་བ་ཞུ་ནི་གི་ རྒྱུད་བསྐུལ་འབད་ཡོད་པའི་ མངོན་གསལ་བྱུང་ནུག།

དེ་བསྒང་ ཕུན་ཚོགས་གླིང་ཁྲོམ་སྡེའི་ བཀོད་ཁྱབ་དྲུང་ཆེན་ཨིན་མི་ དབང་ཕྱུག་མཐའ་ཡས་ཀྱིས་ རིག་གསར་ལུ་ ལཱ་སྤྲོད་ནིའི་དོན་ལས་ མ་དངུལ་ཡང་ ཁོ་ར་གིས་ འཚོལ་ཡོདཔ་མ་ཚད་ གནང་བའི་དོན་ལུ་ ཞབས་ཏོག་ལྷན་ཁག་ལུ་ གྲོས་འཆར་བཙུགས་ནུག་ཟེར་ཨིན་པས།

ཞབས་ཏོག་ལྷན་ཁག་གིས་ གྲོས་འཆར་ལུ་ གྲོས་འདེབས་རྐྱངམ་གཅིག་ བཀོད་ཡོདཔ་ད་ སྤྱི་ལོ་༢༠༡༧ ཟླ་༢ པའི་ཚེས་༩ ལུ་ དབང་ཕྱུག་མཐའ་ཡས་ཀྱིས་ ཚོགས་གཙོ་ཐོག་ལས་ ཚོགས་ཆུང་ཅིག་གིས་ མཁོ་སྒྲུབ་བཅའ་ཡིག་དང་ སྒྲིག་གཞི་༢༠༠༩ ཅན་མའི་ནང་ འཕྲལ་མཁོའི་དགོངས་དོན་ལག་ལེན་འཐབ་སྟེ་ གྱང་རྩིག་རྐྱབ་ནིའི་ལཱ་དེ་ རིག་གསར་བཟོ་སྐྲུན་ལུ་ སྤྲོད་ནུག་ཟེར་ཨིན་པས།

ད་རུང་ སྤྱི་ཟླ་༣ པའི་ཚེས་༧ ལུ་ རིག་གསར་བཟོ་སྐྲུན་གྱིས་ གྱང་རྩིག་མི་ཊར་༢༥༠ ལས་༤༥༠ ལུ་ ཡར་སེང་འབད་དགོ་པའི་ གྲོས་འཆར་བཙུགས་ཡོདཔ་བཞིན་དུ་ བཟོ་སྐྲུན་ལུ་ ཟད་འགྲོ་ཐེབས་གནས་མིའི་ཚབ་ལུ་ གྱང་རྩིག་གི་རྒྱབ་ཁར་ སྤུངས་བཞག་མི་ རྒྱུ་ཆས་ཚུ་ ཁག་འབགཔ་གིས་ བདག་དབང་འབད་ནི་སྦེ་ ཁ་ཚིག་བཟོ་ཡོདཔ་ཨིན་པས།

ཨིན་རུང་ ཁ་ཚིག་བཟོ་མི་དང་མ་འཁྲིལ་བར་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ གྱང་རྩིག་མི་ཊར་༤༥༠ ཧྲིལ་བུ་རྐྱབ་ནི་དང་ མ་དངུལ་ཐེབས་གནས་མི་དེ་ཡང་ ཨོམ་ཆུ་ཉེན་སྐྱོབ་ཀྱི་དོན་ལུ་ གྱང་རྩིག་རྐྱབ་ནིའི་ མ་དངུལ་བཞག་མི་ལས་ གཏང་ནི་སྦེ་ གྲོས་ཐག་བཅད་ནུག་ཟེར་ཨིན་པས།

ཁག་འབགཔ་གིས་ གྱང་རྩིག་རིང་ཐུང་མི་ཊར་༤༢༣.༢ བཟོ་སྐྲུན་འབད་དེ་ དངུལ་ཀྲམ་ས་ཡ་༡༡.༢༣༢ ལེན་མི་ལས་ དངུལ་ཀྲམ་ས་ཡ་༧ དེ་ ཁ་རི་ཕུག་ལུ་ འཁོར་ལམ་སེལ་ནིའི་དོན་ལས་ བཞག་ནུག།

ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབདཝ་ད་ གྱང་རྩིག་རྐྱབ་ནི་དང་ འཕྲུལ་རིག་གི་བཟོ་བཀོད་ དེ་ལས་ སྔོན་རྩིས་གོང་ཚད་ཚུ་ རིག་གསར་བཟོ་སྐྲུན་གྱིས་ གྲོས་འཆར་དང་པ་ བཙུགས་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།

ཁྲོམ་སྡེ་གིས་ སྔོན་རྩིས་གོང་ཚད་ལུ་ དབྱེ་དཔྱད་མ་འབད་བའི་ཁར་ མ་དངུལ་གྲ་སྒྲིག་མེད་པར་ ཁག་འབག་གིས་ གོང་ཚད་བཙུགས་མི་ལུ་ གཞི་བཞག་སྟེ་ ལཱ་སྤྲོད་ནུག་ཟེར་ཨིནམ་ད་ གོང་ཚད་ནང་ གྱང་རྩིག་ལུ་མཁོ་བའི་ གཙང་ཆུའི་རྡོ་ཚུ་ ས་ཁོངས་དེ་ནང་ ལག་ལེན་འཐབ་ཆོག་ཆོ་སྦེ་ཡོད་རུང་ རྡོའི་རིན་བཀོད་མི་ལུ་བརྟེན་ རིག་གསར་གྱིས་ ཁེ་སང་དངུལ་ཀྲམ་ས་ཡ་༣.༢༥༢ ལྷགཔ་ཅིག་ ཐོབ་ནུག་ཟེར་བཀོད་ནུག།

ལྷན་ཚོགས་ཀྱིས་ བཀོད་མིའི་ནང་ དབང་ཕྱུག་མཐའ་ཡས་ཀྱིས་ ཁོ་རའི་གོ་གནས་ ལོག་སྤྱོད་འབད་དེ་ རིག་གསར་བཟོ་སྐྲུན་ལས་སྡེ་ལུ་ ཕན་གྲོགས་ཀྱི་ རྒྱུད་བསྐུལ་ཐོག་ རིན་བསྡུར་མ་འབད་བར་ ཐད་ཀར་དུ་ ཁག་འབག་གི་ ལཱ་སྤྲོད་ཡོད་པའི་ དགའ་ཚོར་ལུ་ རིག་གསར་ལས་ ཁེ་ཕན་ཚུ་ ཐོབ་ནུག་ཟེར་བཀོད་ནུག།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ བསྐྱར་ཞིབ་དང་གྲོས་ཆོད།

ཡིག་ཚང་གིས་ བརྟག་ཞིབ་འབདཝ་ད་ གནམ་བྱཱར་ཨ་རྟག་ར་ ཨ་མོ་ཆུ་བྲེས་ཏེ་ ཆུ་རུད་ཐོན་མི་དེ་གིས་ མིའི་ཚེ་སྲོག་དང་ རྒྱུ་དངོས་ཚུ་ལུ་ གནོད་ཉེན་ཡོདཔ་ ངེས་བདེན་ཨིནམ་ལས་ ཁྲོམ་སྡེ་གིས་ ཉེན་སྐྱོབ་འབད་དགོཔ་ཨིན་རུང་ གཞུང་དང་ ལས་སྡེ་ཚུ་གིས་ གཙང་ཆུ་གཤམ་ལས་ རྡོ་ཕྱིར་བཏོན་འབད་དེ་ ཆུ་ལམ་སེལ་ནི་དང་ གཙང་ཆུ་བྲེས་མི་དེ་ ཁ་བསྒྱུར་གཏང་ནི་གི་ ཁག་འབག་ལཱ་ཚུ་ ལེན་མ་བཏུབ་པའི་ མངོན་གསལ་བྱུང་ནུག།

དེ་བསྒང་ རིག་གསར་གྱིས་ ཆུ་གཤམ་ལས་ རྡོ་ཕྱིར་བཏོན་འབད་ནི་གི་ བློ་འདོད་ཡོདཔ་སྦེ་ ཟད་འགྲོ་དེ་ཡང་ གཙང་ཆུའི་རྒྱུ་ཆས་ཚུ་ ཚོང་སྒྱུར་འཐབ་ཐོག་ལས་ གཏང་ནི་སྦེ་ ཁས་ལེན་འབདཝ་ལས་ ཁྲོམ་སྡེ་ཡིག་ཚང་ལུ་ ཟད་འགྲོ་གཏང་མ་དགོ་པའི་ ཁེ་ཕན་བྱུང་ནུག་ཟེར་ཨིནམ་ད་ ཁག་འབགཔ་གཞན་ཚུ་གིས་ འབད་མ་བཏུབ་བའི་ རྡོ་ཕྱིར་བཏོན་དང་ མ་དངུལ་མེད་པའི་ གྱང་རྩིག་རྐྱབ་ནི་དེ་ རིག་གསར་གྱིས་ འབད་ཐོག་ལས་ མིའི་ཚེ་སྲོག་དང་ རྒྱུ་དངོས་ཚུ་ ཉེན་སྐྱོབ་འབད་མི་ལུ་ ངལ་རངས་དགོཔ་ཅིག་ཨིན་མས་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བཀོད་ནུག།

ད་རུང་ ས་གནས་གཞུང་གི་བཅའ་ཁྲིམས་༢༠༠༩ ཅན་མའི་དོན་ཚན་༢༧༧ པ་དང་འཁྲིལ་རུང་ བཀོད་ཁྱབ་དྲུང་ཆེན་ལུ་ གོང་འཕེལ་ལས་སྣའི་ འཆར་གཞི་བརྩམ་ནི་དང་ དེ་ཚུ་ ལག་ལེན་གྱི་དོན་ལས་ མ་དངུལ་འཚོལ་ནི་གི་ འགན་དབང་གནང་སྟེ་ཡོདཔ་བཞིན་དུ་ དེ་དང་འཁྲིལ་ཏེ་ སྤྱི་ལོ་༢༠༡༧ ཟླ་༡ པའི་ཚེས་༦ ལུ་ དངུལ་རྩིས་ལྷན་ཁག་ལུ་ གྱང་རྩིག་རིང་ཐུང་མི་ཊར་༢༥༠ རྐྱབ་ནིའི་ མ་དངུལ་ས་ཡ་༤.༥༠༢ གནང་དགོཔ་དང་ ལཱ་དེ་ ཐད་ཀར་དུ་ རིག་གསར་བཟོ་སྐྲུན་ལུ་ སྤྲོད་ཆོག་པའི་ གནང་བ་ཞུ་ནུག་ཟེར་ཨིན་པས།

དེ་མ་ཚད་ གྱང་རྩིག་རིང་ཐུང་མི་ཊར་༢༥༠ ལས་༤༥༠ ལུ་ ཡར་སེང་འབད་ནི་དེ་ཡང་ རིན་བསྡུར་ཚོགས་ཆུང་གིས་ གྲོས་ཐག་བཅད་མི་དང་འཁྲིལ་ཨིནམ་ལས་ བཀོད་ཁྱབ་དྲུང་ཆེན་ལུ་ འགན་འཁྲི་བཀལ་མི་བཏུབ་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་བཀོད་ནུག།

དེ་ལས་ དངུལ་ཀྲམ་༢༥༠,༠༠༠ ནད་གསུག་སྤྲོད་ལེན་འབད་བའི་ ཁ་ཉེས་ཀྱི་ཐད་ལུ་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བཀོད་མིའི་ནང་ བཀོད་ཁྱབ་དྲུང་ཆེན་གྱིས་ ཤེས་རབ་ལས་ བསྐྱི་ཡོདཔ་མ་གཏོགས་ གཅིག་གིས་གཅིག་ལུ་ ཕན་གྲོགས་འབད་ནིའི་དོན་ལུ་མེན་པའི་ཁར་ རྩ་ཕན་༣ པ་གིས་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཏི་རུ་བསྐྱི་བསྐྱིཝ་ཨིནམ་སྦེ་ ངག་བརྗོད་བྱིན་ནུག་ཟེར་ཨིན་པས།

ཁ་ཙ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྩོད་དོན་ཕྱིར་བཤོལ་འབད་བའི་ ཡི་གུ་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ མ་ཐོབ་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *