ཨ་ནེམོ་བགྲེསཔ་དམ་ཆོས་ དོ་དམ་འོག་ལས་བཏང་ཡོདཔ།

ཉིན་གྲང་༥༩ འི་རིང་ དོ་དམ་འོག་ལུ་ བཞག་པའི་ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྟོན་པ་རྡོར་གདན་མ་གཞི་ཚོགས་ཀྱི་ ལས་འགུལ་འཛིན་སྐྱོང་པ་ དམ་ཆོས་ཆོས་སྒྲོན་དེ་ སྤྱི་ཟླ་༨ པའི་ཚེས་༩ ལུ་ དོ་དམ་འོག་ལས་ བཏང་ཡོདཔ་ཨིན་པས།

དེ་ཡང་ མོ་གི་མཉམ་འབྲེལ་བ་དང་ ཚ་བོ་ཡང་ཨིན་མི་ ཡོན་ཏན་རྒྱ་མཚོ་དེ་ ལྷན་ཚོགས་ཀྱིས་ དོ་དམ་འོག་ལུ་ བཞག་པའི་ཤུལ་ལས་ དམ་ཆོས་ཆོས་སྒྲོན་དེ་ བཏང་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱིས་ ཡོངས་གྲགས་ལུ་ ཨ་ནེམོ་དམ་ཆོས་ཟེར་སླབ་མི་ དམ་ཆོས་ཆོས་སྒྲོན་དེ་ ཁྲིམས་མཐུན་འོང་འབབ་ཀྱི་ འབྱུང་ཁུངས་ཚུ་དང་ ཆ་ཚད་མ་མཉམ་པའི་ འཚོ་བའི་གནས་ཚད་ རྒྱུན་སྐྱོང་འཐབ་པའི་ དོགས་པ་ལུ་བརྟེན་ ཞིབ་དཔྱད་ཀྱི་དོན་ལུ་ སྤྱི་ཟླ་༦ པའི་ཚེས་༡༡ ལུ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།

ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་དོན་ཚད་༦༠ གིས་ ལྷན་ཚོགས་ལུ་ ར་གསལ་ཁུངས་དག་མེད་པའི་ རྒྱུ་ནོར་གྱི་ བདག་དབང་དང་ ཆ་ཚད་མ་མཉམ་པའི་ འབབ་ཁུངས་ཚུ་ལུ་ ཞིབ་དཔྱད་རྐྱབ་ནི་གི་ དབང་ཚད་བྱིན་ཏེ་ཡོདཔ་ཨིན་པས།

གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ ཨ་ནེམོ་དམ་ཆོས་ལུ་ དངུལ་ཁང་གི་ རྩིས་ཁྲ་མང་རབས་ཅིག་ འཆང་སྤྱོད་འབད་དེ་ཡོདཔ་མ་ཚད་ བསྒུལ་ཅན་དང་ བསྒུལ་མེད་རྒྱུ་དངོས་ལེ་ཤ་ཡོད་མི་ལུ་བརྟེན་ ཞིབ་དཔྱད་རྐྱབ་ད་ དུས་ཚོད་འགོར་བའི་ ལོ་རྒྱུས་ཡོདཔ་ད་ ཨ་ནེམོ་བགྲེསཔ་ལུ་ ལས་འགུལ་གྱི་ མ་དངུལ་ཁ་བསྒྱུར་དང་ ལྟ་བཤལ་ཚོང་འབྲེལ་ནང་ གཡོ་སྒྱུ་ལག་ལེན་ དེ་ལས་ ཁྲལ་འབབ་ལས་ ཟུར་ཐབས་འབད་བའི་ ཁ་ཉེས་ཡོད་མི་ཚུ་ལུ་ཡང་ ཞིབ་དཔྱད་རྐྱབ་དོ་ཡོདཔ་ཨིན་པས།

ད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དམ་ཆོས་ཆོས་སྒྲོན་གྱི་ མིང་ཐོ་ལུ་ཡོད་པའི་ བསྒུལ་མེད་རྒྱུ་དངོས་ཚུ་ ཉོ་བཙོང་གང་རུང་དང་ བདག་དབང་སྤོ་སོར་འབད་ནི་ལས་ བཀག་ཆ་འབད་ཡོད་པའི་ གསལ་བསྒྲགས་འབད་ནུག།

དེ་ཡང་ དམ་ཆོས་ཆོས་སྒྲོན་གྱི་ མིང་ཐོ་ལུ་ ཐིམ་ཕུག་རྟ་བབ་དང་ ལྕང་དགེ་བསྙེན་ དེ་ལས་ གསར་སྤང་བསམ་གཏན་གླིང་ལུ་ སྐམ་ཞིང་ཁག་གསུམ་དང་ ཐིམ་ཕུག་གཟི་ལུང་ཁ་དང་ རྟ་བབ་ སྤུ་ན་ཁ་གུ་མ་ལུ་ སྒྲིང་ཁྱིམ་གསུམ་ ཉོ་བཙོང་འཐབ་ནི་ལས་ བཀག་འཛིན་འབད་བའི་ཁར་ མོ་གི་ཕོ་སྤུན་ ཨོ་རྒྱན་དང་ བསོད་ནམས་གཡང་འཛོམས་ཀྱི་མིང་ཐོ་ཁར་ སྤུ་ན་ཁ་གུ་མ་ལུ་ སྒྲིང་ཁྱིམ་༢ པོ་དེ་ཡང་ བཀག་ཆའི་གསལ་བསྒྲགས་འབད་ནུག།

བཀག་ཆའི་གསལ་བསྒྲགས་ནང་ ངོ་རྐྱང་དང་ གཙུག་སྡེ་ དེ་ལས་ ཚོང་འབྲེལ་བ་ག་ར་ཨིན་རུང་ རྒྱུ་དངོས་ཉོ་བཙོང་དང་འབྲེལ་བའི་ གནད་དོན་ཚུ་ནང་ འབྲེལ་གཏོགས་འབད་ནི་ལས་ འཛེམ་གནང་ཟེར་ བཀོད་པའི་ཁར་ ལྷན་ཚོགས་ཀྱིས་ ཆ་མེད་ཀྱི་ བཀའ་རྒྱ་མ་བཏོན་ཚུན་དང་ ཡང་ཅིན་ ཁྲིམས་བཤེར་གྱི་ བྱ་རིམ་ཚུ་ མཇུག་མ་བསྡུ་ཚུན་ བཀག་ཆའི་གསལ་བསྒྲགས་ལུ་ གནས་དགོཔ་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ དམ་ཆོས་ཆོས་སྒྲོན་དེ་ དོ་དམ་འོག་ལས་ བཏང་ཡོད་རུང་ སྟོན་པ་རྡོར་གདན་མ་ལས་འགུལ་གྱི་ འཛིན་སྐྱོང་ནང་ དགོངས་ཕོག་ཆ་མེད་ཀྱི་ བཀའ་རྒྱ་མ་བཏོན་ཚུན་ཚོད་ འབྲེལ་གཏོགས་མེད་པར་ སྡོད་དགོ་ཟེར་ཨིན་པས།

སྟོན་པ་རྡོར་གདན་མ་གཞི་ཚོགས་ལས་འགུལ་གྱིས་ དམ་ཆོས་ཆོས་སྒྲོན་དེ་ སྤྱི་ཟླ་༨ པའི་ཚེས་༦ ལུ་ ལས་འགུལ་འཛིན་སྐྱོང་པའི་ འགན་འཁྲི་ལས་ དགོངས་ཕོག་བཏོན་ཡོད་པའི་གནས་ཚུལ།

About admin

Check Also

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཐུན་རྐྱེན་བཏོག་མི་གིས་ གདོང་ལེན་འབྱུང་ནི།

༉ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ཚུན་ ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ དྲོ་པ་དང་ ཉིན་མའི་ལྟོ་དང་ འབྲུག་གཞུང་གིས་ ཚོད་བསྲེ་གི་ འཐུས་བྱིན་ཏེ་ཡོད་མི་དེ་ སང་ཕོད་ལས་ མི་བྱིན་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ …

Leave a Reply

Your email address will not be published. Required fields are marked *