ཧོང་ཀོང་གི་མི་ཁུངས་ཅིག་ལུ་ ནད་འབུབ་ཐོབ་མི་དེ་ འབྲུག་ལས་ལོག་འགྱོཝ་ད་ ཐོབ་ཡོད་པའི་དོགས་པ།

༉ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་དང་འཁྲིལཝ་ད་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་མི་ སྐྱེས་ལོ་༥༥ ལང་མི་ ཧོང་ཀོང་གི་མི་ཁུངས་ཅིག་ འབྲུག་ལས་ ལོག་འགྱོ་བའི་ལམ་ཁར་ ཐོབ་ཡོད་པའི་དོགས་པ་ཡོད་ཟེར་ བཤདཔ་ཨིན་པས།
ཕོ་སྐྱེས་དེ་ འབྲུག་ལུ་སྤྱི་ཟླ་༣ པའི་ཚེས་༣ ལས་༡༢ ཚུན་ ལྟ་སྐོར་འབད་ཞིནམ་ལས་ བེང་ཀོག་བརྒྱུད་དེ་ ལོག་ཧོང་ཀོང་ལུ་ འགྱོ་བའི་ཤུལ་ལས་ སྤྱི་ཚེས་༢༢ ལུ་རྐྱངམ་གཅིག་ ནད་འབུབ་ཐོབ་པའི་ རྟགས་ཐོན་ཡོདཔ་ཨིན་པས།
གསོ་བའི་བློན་པོ་གིས་ སླབ་མིའི་ནང་ ཚན་རིག་དང་འཁྲིལཝ་ད་ ཕོ་སྐྱེས་དེ་ལུ་ ནད་འབུབ་དེ་ རྒྱལ་ཁབ་ནང་སྡོད་པའི་སྐབས་ ཐོབ་སྟེ་ཡོད་པ་ཅིན་ ནད་གཞིའི་རྟགས་མཚན་ཚུ་ སྤྱི་ཟླ་༣ པའི་ཚེས་༩ དང་༡༠ གི་ནང་འཁོད་ལུ་ ཐོན་དགོཔ་ཨིན་རུང་ ཁོ་ལུ་ སྤྱི་ཚེས་༡༩ ལུ་རྐྱངམ་གཅིག་ ཐོན་མི་ལུ་གཞི་བཞག་པ་ཅིན་ སྤྱི་ཚེས་༡༣ དང་༡༤ གི་བར་ན་ ཁོ་ར་ བེང་ཀོག་བརྒྱུད་དེ་འགྱོཝ་ད་ ཐོབ་ཡོད་པའི་དོགས་པ་ཡོད་ཟེར་ཨིན་པས།
ཕོ་སྐྱེས་དེ་ལུ་ ནད་འབུབ་ཐོབ་ཡོད་པའི་ སྙན་ཞུ་ལྷོད་པའི་ཤུལ་ལས་ འབྲུག་པའི་དེད་གཡོགཔ་དང་ ལམ་སྟོན་པ་དེ་ སྤྱི་ཚེས་༢༤ གི་ཕྱི་རུ་ལས་ ཟུར་བཞག་ལྟེ་བ་ནང་ བཞག་ཡོད་རུང་ ཁ་ཙ་ ཉིན་མའི་ཆུ་ཚོད་༡ ལུ་ཐོབ་མི་ བརྟག་དཔྱད་སྙན་ཞུ་ནང་ ཁོང་གཉིས་ཆ་ར་ལུ་ ནད་འབུབ་མེདཔ་སྦེ་ ཐོན་ཡོདཔ་ཨིན་པས།
དེད་གཡོགཔ་དང་ ལམ་སྟོན་པ་གིས་ ཕོ་སྐྱེས་དེ་ རྒྱལ་ཁབ་ནང་ལས་ ལོག་འགྱོཝ་ད་ གཟུགས་ཁམས་བདེ་ཏོག་ཏོ་ཡོད་པའི་ཁར་ ན་བའི་རྟགས་མཚན་ ག་ནི་ཡང་ མ་སྟོན་པས་ཟེར་བཤད་ནུག།
ཨིན་རུང་ ནད་གཞི་དེའི་གནས་སྟངས་དེ་ སྐྱོ་དྲགས་འགྱོ་བ་ཅིན་ གྲ་སྒྲིག་འབད་ནི་དེ་ ཁག་ཆེཝ་ལས་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ འགོ་འདྲེན་འཐབ་སྟེ་ ཌོག་ཊར་དང་ སྨན་གཡོགམ་ དེ་ལས་ གསོ་བའི་ལས་བྱེདཔ་༡༣,༠༠༠ འབད་མི་ཅིག་ཡང་ འཚོགས་ཡོདཔ་ད་ གནས་སྟངས་དེ་བཟུམ་ནང་ འགན་ཁུར་ཚུ་ བགོ་བཤའ་འབད་ནིའི་དོན་ལུ་ སྨན་གཏོར་ནིའི་རིགས་ཚུ་ བདེ་སྲུངཔ་ཚུ་གིས་འབད་ནི་ཨིནམ་ལས་ བདེ་སྲུངཔ་༦༠༠ དེ་ཅིག་ལུ་ སྦྱོང་བརྡར་ཚུ་ བྱིན་ཚར་ཡི་ཟེར་ཨིན་པས།
དེ་མ་ཚད་ ཟུར་བཞག་ནང་ བཞག་མི་ཚུ་ལུ་ སེམས་ཁམས་ཀྱི་ནད་གཞི་རེ་ མི་ཐོབ་ག་མནོ་བའི་ ཚ་གྱང་ཡོདཔ་ལས་ བསླབ་སྟོན་གྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ ལག་ཁྱེར་ཡོད་མི་བསླབ་སྟོན་པ་༡༡༣ དང་ སྨན་བཅོས་དང་འབྲེལ་བའི་ བསླབ་སྟོན་པ་༦ ཡོད་མི་ཚུ་ཡང་ གྲ་སྒྲིག་འབད་དེ་ཡོདཔ་ཨིན་པས།
ཕྱིའི་རྒྱལ་ཁབ་ལས་ཕར་ མཐོ་རིམ་གོང་མའི་ གསོ་བའི་སྦྱོང་བརྡར་འབད་བར་འགྱོ་མི་ ཌོག་ཊར་༤༨ དེ་ཅིག་ལས་༢༤ ལོག་རྒྱལ་ཁབ་ནང་ལྷོད་དེ་ ད་ལྟོ་ ཟུར་བཞག་ལྟེ་བའི་ནང་ཡོདཔ་ད་ གཞན་ཚུ་ཡང་ག་ར་ ལོག་འབོ་ཡི་ཟེར་ གསོ་བའི་བློན་པོ་གིས་བཤད་ཅི།
ཌོག་ཊར་མ་ལང་པའི་ དཀའ་ངལ་འཐོན་པ་ཅིན་ ལྷན་ཐབས་འབད་ནིའི་དོན་ལུ་ སྒེར་གྱི་ཌོག་ཊར་ཚུ་ འབོ་ནིའི་དོན་ལུ་ ག་ར་གྲ་སྒྲིག་འབད་དེ་ཡོདཔ་ད་ ཁོང་གིས་ གནས་སྟངས་ཚབས་ཆེན་ནང་ དུས་རྒྱུན་གྱི་ གསོ་བའི་ཞབས་ཏོག་ཚུ་ བྱིན་ནི་ལུ་ གྲོགས་རམ་འབད་འོང་ཟེར་ཨིན་པས།
ཅ་ཆས་དང་སྨན་རིགས་ཚུ་ ཟླཝ་༩ ལང་པའི་ གསོག་འཇོག་འབད་དེ་ཡོདཔ་ལས་ མི་མང་གིས་ ཚ་གྱང་ལང་དགོཔ་མེད་ཟེར་ གསོ་བའི་བློན་པོ་གིས་ བཤད་པའི་ཁར་ ལོ་༡ དེ་ཅིག་ལངམ་སྦེ་ བཞག་ནིའི་དོན་ལུ་ རྒྱ་གཞུང་དང་འབྲེལ་བ་འཐབ་བཞིན་དུ་ཡོད་ཟེར་ཨིན་པས།
དེ་མ་ཚད་ སྨན་གཡོགམོ་གིས་ སྦྱོང་བརྡར་འབད་མི་ ལོ་ངོ་མཇུག་གི་སྦྱོང་བརྡར་བ་ཚུ་ཡང་ ཚབས་ཆེན་གྱི་ དུས་ཚོད་ནང་ ལག་ལེན་འཐབ་ནིའི་དོན་ལུ་ ཌོག་ཊར་ཚུ་དང་གཅིག་ཁར་ མཉམ་སྦྲགས་ཀྱི་ སྦྱོང་བརྡར་འབད་དེ་ བཞག་ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་གིས་ ནད་བརྟག་ཅ་ཆས་༦༠༠༠ ཡོད་ཟེར་ཨིནམ་ད་ ད་ལྟོ་ ནད་འབུབ་ཐོབ་མི་ ལྟ་བཤལཔ་ཨམ་སྲུ་དེ་ ལེགས་ཤོམ་སྦེ་ཡོད་རུང་ ཁ་ཙ་ལས་ སྨན་བཅོས་འབད་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

རྒྱ་འབྲུག་གི་ས་མཚམས་བདའ་སྟེ་ ཁྲིམས་འགལ་འབད་མི་ མང་སུ་ཐོན་དོ་ཡོདཔ།

བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ལུ་ ཏམ་ཁུའི་ནག་ཚོང་ལུ་བརྟེན་ མི་༡༩ འཛིན་བཟུང་འབད་ནུག། ༉ འབྲུག་གཞུང་གིས་ རྒྱལ་ཁབ་ནང་ ནད་ཡམས་COVID-19 དེ་ རྒྱལ་ཁབ་ནང་ འབུ་ནི་དང་ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ སྤྱི་ཟླ་༣ …

Leave a Reply

Your email address will not be published. Required fields are marked *