ད་ལྟོ་ ཟམ་བཟོ་སྐྲུན་གྱི་ལཱ་བརྒྱ་ཆ་༨༠ མཇུག་བསྡུ་མི་ འདམ་ཆུ་དང་ ཧཱ་གཞུང་ལམ་གྱི་ ཝང་ཆུ་ཟམ།

ཧཱ་-ཝང་ཆུ་ཟམ་ ཤུལ་མའི་ཟླཝ་ནང་ རྐྱབ་ཚར་ནི།

༉ འཆར་གཞི་དང་འཁྲིལ་བ་ཅིན་ འདམ་ཆུ་དང་ ཧཱ་གི་གཞུང་ལམ་བདའ་སྟེ་ རིང་ཚད་མི་ཊར་༢༠༤ འབད་མི་ ཝང་ཆུ་ཟམ་དེ་ དུས་ཅི་ སྤྱི་ཟླ་༡༠ པའི་ནང་ བཟོ་སྐྲུན་འབད་ཚར་དགོཔ་ཨིན་རུང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ མཇུག་བསྡུ་མ་ཚུགས་པས།
ནད་ཡམས་སྐབས་ དགོས་མཁོ་ཅན་གྱི་ རྒྱུ་ཆས་ཚུ་ དུས་ཚོད་ཁར་ ཐོབ་མ་ཚུགསཔ་མ་ཚད་ ཅ་ཆས་ཐོབ་མི་ཚུ་ཡང་ ཟླཝ་ལེ་ཤ་འགོར་མི་ལུ་བརྟེན་ ལས་མི་ཚུ་ ངལ་གསོ་ལེན་ཏེ་ གཡུས་ཁར་སོང་ཡོདཔ་ལས་ ལཱ་གི་འགྲུབ་འབྲས་ལུ་ ཐོ་ཕོག་ཅི་ཟེར་ ལས་མི་ཚུ་གིས་ བཤདཔ་ཨིན་པས།
ཕྱིའི་ལས་མི་ཅིག་གིས་ སླབ་མིའི་ནང་ ཟམ་མཐུད་སྦྲེལ་འབད་ཚུགས་ཚུགས་ལུ་ ད་རུང་ ཟླཝ་ལྷགཔ་ཅིག་ འགོར་ནི་མས་ཟེར་ཨིནམ་ད་ ད་རེས་ གནམ་དགུན་གྱི་ དུས་ཚོད་ནང་ རླུང་མ་བསིལ་དྲགས་དང་ གྱང་ཤུགས་ཆེ་ནི་དེ་གིས་ ཨ་རྟག་བཟུམ་སྦེ་ ལཱ་འབད་མི་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ ཟམ་མཐུད་སྦྲེལ་འབད་ནི་ལུ་ མི་ཊར་༡ ལྷགཔ་ཅིག་ལས་བརྒལ་མེདཔ་ལས་ ལོ་རྫོགས་ཁམས་ཅིག་ཁར་ བཟོ་སྐྲུན་འབད་ཚར་ནིའི་ རེ་བ་ཡོད་ཟེར་ ཌཱན་ཊག་འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ མཁས་མཆོག་ཅིག་གིས་ སླབ་མིའི་ནང་ ལཱ་གི་གྲུབ་འབྲས་ ལེགས་ཐོན་མེད་རུང་ ཝང་ཆུ་ཟམ་བཟོ་སྐྲུན་འབད་ཚར་བའི་བསྒང་ལས་ ཀི་ལོ་མི་ཊར་༡༢ འབད་མི་ འདམ་ཆུ་-ཧཱ་གི་གཞུང་ལམ་དེ་ ས་གནས་ཝ་ན་ཁ་ལས་ ཧཱ་དང་ཆུ་འཛོམས་ཀྱི་ གཞུང་ལམ་དང་ མཐུད་སྦྲེལ་འབད་ཚུགས་ཟེར་ཨིན་པས།
ཝང་ཆུ་ཟམ་བཟོ་སྐྲུན་གྱི་ལཱ་དེ་ བརྒྱ་ཆ་༨༠ ལྷགཔ་ཅིག་ མཇུག་བསྡུ་སྟེ་ཡོད་ཟེར་ཨིན་པས།
ཟམ་རྐྱབ་ཚརཝ་ད་ ཧཱ་རྫོང་ཁག་གི་ མི་སེར་ཚུ་ ད་ལྟོ་བཟུམ་སྦེ་ ཝ་ན་ཁ་ལས་ ཆུ་འཛོམས་ཚུན་ ཀི་ལོ་མི་ཊར་༢༩ རྒྱུན་འགྲུལ་འཐབ་པའི་སྐམས་ དུས་ཡུན་ཆུ་ཚོད་༢ འགོར་དོ་ཡོདཔ་མི་དེ་ ད་ལས་ཕར་ ཀི་ལོ་མི་ཊར་༡༢ དེ་ཅིག་ ལམ་སྟུམས་འགྱོ་ནི་ཨིན་པས།
ཌཱན་ཊག་འགོ་དཔོན་གྱིས་ འཛམ་གླིང་རྒྱལ་སྤྱི་ནང་ ནད་ཡམས་ཀོ་བིཌ་-༡༩ འི་གདོང་ལེན་ལུ་ འབྲུག་གཞུང་གིས་ ས་མཚམས་སྒོ་ར་ཚུ་ བསྡམས་མི་ལུ་བརྟེན་ ཟམ་བཟོ་སྐྲུན་འབད་ནི་ལུ་ དགོས་མཁོ་ཆེ་བའི་ ཅ་ཆས་འབག་ནིའི་ནང་ དུམ་གྲ་རེ་ ཐོ་ཕོགཔ་མ་གཏོགས་ གདོང་ལེན་སྦོམ་མ་བྱུང་ཟེར་ཨིན་པས།
བ་ཟམ་གྱི་ བཟོ་བཀོད་ཐོག་ལུ་ ཝང་ཆུ་ཟམ་རྐྱབ་ནིའི་ དུས་ཡུན་དེ་ སྤྱི་ཟླ་༢༠༡༦ ཟླ་༨ ལས་ སྤྱི་ལོ་༢༠༢༠ ཟླ་༩ པ་ཚུན་ ལོ་ངོ་༣ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *