ཧཱ་ཁྲོམ་ཁར་ འཁྱམས་སྡོད་མི་ སྤྱང་ཁྱི་ཚུ།

ཧཱ་རྫོང་ཁག་གིས་ སྤྱང་ཁྱི་བདག་འཛིན་འཐབ་ནི་ལུ་ མཐར་འཁྱོལ་བྱུང་ཡོདཔ།

༉ ཧཱ་རྫོང་ཁག་གིས་ སྤྱང་ཁྱི་བདག་འཛིན་འཐབ་ནི་ལུ་ མཐར་འཁྱོལ་བྱུང་མི་དང་བསྟུན་ རྫོང་ཁག་གཞན་ཚུ་གིས་ཡང་ ཧཱ་རྫོང་ཁག་བཟུམ་སྦེ་ འགོ་བཙུགས་ནིའི་ འཆར་གཞི་ཡོདཔ་ཨིན་པས།
དེ་ཡང་ རང་བཞིན་མཐའ་འཁོར་ལྷན་ཚོགས་ཀྱིས་ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ བློན་ཆེན་དང་གཅིག་ཁར་ ཟླ་རིམ་གྱི་ སྙན་ཞུ་ གསལ་སྟོན་འབད་བའི་སྐབས་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤད་ཅི།
དེའི་དོན་ལུ་ ཐིམ་ཕུག་དང་ སྤ་རོ་ དེ་ལས་ བུམ་ཐང་རྫོང་ཁག་ཚུ་ནང་ རོ་ཁྱིའི་གྲངས་རྩིས་ ཞིབ་འཚོལ་འབད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་དང་འཁྲིལཝ་ད་ བཀྲིས་སྒང་བཀང་ལུང་དང་ བསམ་མཁར་རྒེད་འོག་ནང་ འཆོལ་ནད་བཀག་དམ་ འབད་ནིའི་དོན་ལུ་ རོ་ཁྱི་༡,༡༡༡ ལུ་ སྨན་ཁབ་བཙུགས་ཡི་ཟེར་བཤད་ཅི།
ཐིམ་ཕུག་ལུ་འབད་བ་ཅིན་ ད་ལྟོ་ རོ་ཁྱི་གཤག་བཅོས་ལས་རིམ་ འགོ་འདྲེན་འཐབ་བཞིན་དུ་ཡོདཔ་ད་ ད་ལྟོ་ཚུན་ རོ་ཁྱི་༡,༣༦༣ དང་ བྱི་ལི་༥༦ ལུ་ གཤག་བཅོས་དང་ སྨན་ཁབ་ཚུ་ བཙུགས་ཡི་ཟེར་ཨིན་པས།
ཐིམ་ཕུག་རྫོང་ཁག་ནང་ རོ་ཁྱི་༤,༠༠༠ དེ་ཅིག་ལུ་ གཤག་བཅོས་དང་སྨན་ཁབ་ བཙུགས་ནིའི་དམིགས་གཏད་ ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ སྤྱི་ཟླ་༧ པའི་ཚེས་༢༨ ཚུན་གྱི་བར་ན་ རོ་ཁྱི་༡,༢༡༦ དང་ བྱི་ལི་༧༦ དེ་ཅིག་ལུ་ གཤག་བཅོས་དང་ སྨན་བཅོས་ཚུ་ འབད་ཚར་ཡོདཔ་ཨིན་པས།
ཧཱ་ལུ་ རོ་ཁྱི་༡,༡༠༩ ལྷགཔ་ཅིག་ལུ་ སྨན་ཁབ་དང་ གཤག་བཅོས་འབད་ཡོདཔ་ད་ ད་རུང རོ་ཁྱི་༦༣༥ མི་ཚུ་གིས་ བདག་འཛིན་འཐབ་དོ་ཡོདཔ་ལས་ རྫོང་ཁག་གཞན་ཚུ་ནང་ཡང་ དེ་བཟུམ་སྦེ་ འགོ་བཙུགས་ནི་ཨིན་པས།
ཐིམ་ཕུག་རྫོང་ཁག་ནང་ རོ་ཁྱི་༤,༠༠༠ དེ་ཅིག་ལུ་ གཤག་བཅོས་དང་ སྨན་ཁབ་བཙུགས་ནིའི་ དམིགས་གཏད་ ཡོདཔ་ཨིན་རུང་ ཁྲོམ་སྡེ་ནང་སྡོད་མི་ཚུ་གིས་ རོ་ཁྱི་བཟུང་ནི་ལུ་ ཆ་རོགས་འབད་མི་བཏུབ་པས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
གྲོང་གསེབ་ནང་སྡོད་མི་ཚུ་གིས་ རོ་ཁྱི་བཟུང་ནིའི་ནང་ གྲོགས་རམ་འབད་དོ་ཡོདཔ་ལས་ བརྒྱ་ཆ་༩༥ དེ་ཅིག་ སྨན་ཁབ་བཙུགས་ཚུགས་ཏེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༩ དང་༢༠༢༠ ལུ་ སྤྱང་ཁྱི་ཚུ་ གཤག་བཅོས་དང་ སྨན་ཁབ་བཙུགས་ནིའི་དོན་ལུ་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༦.༥༡༠ བཞག་ཡོད་མི་ལས་ བརྒྱ་ཆ་༩༢.༥ ལག་ལེན་འཐབ་ཚར་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *