གཏེར་སྦས་དགོན་པ་ལྷ་ཁང་།

ཧཱ་གཏེར་སྦས་དགོན་པ་ལུ་ རྟ་ལོག་ལས་ཞུ་བསྐྱལ་མི་ ཞབས་དྲུང་རིན་པོ་ཆེ་དང་ བཀའ་ སྲུང་གི་སྐུ་འདྲ་ཡོདཔ།

༉ འབྲུག་འདི་ ནང་པའི་ཆོས་དང་ལམ་སྲོལ་གྱིས་ཕྱུག་པའི་ རྒྱལ་ཁབ་ཅིག་ཨིན་མི་དེ་ཡང་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གི་མཛད་ཤུལ་དང་ ལྷ་ཁང་དང་དགོན་སྡེ་ དེ་ལས་ གནས་རྩ་ཅན་ཚུ་ལུ་བརྟེན་ ཤེས་ཚུགསཔ་ད་ དེ་ཚུ་ རྒྱལ་ཁབ་ཀྱི་ས་གནས་ མང་ཤོས་ཅིག་ནང་ཡོད་རུང་ ལ་ལོ་ཅིག་གིས་ ཤེས་རྟོགས་མེད་པར་འདུག།
ཧཱ་རྫོང་ཁག་ གསང་སྦས་རྒེད་འོག་ནང་ ལོ་ངོ་༢༠༠ དེ་ཅིག་ལང་མི་ གཙུག་ལག་ཁང་རྩ་ཆེ་ཤོས་ཅིག་ཡོད་རུང་ མཐའ་ཟུར་ནང་འབདཝ་ལས་ དེའི་སྐོར་ལས་ཤེས་མི་ མངམ་མེདཔ་མ་ཚད་ ལྷ་ཁང་མཇལ་མི་ཡང་ གངམ་མི་ཐོན་དོ་ཡོདཔ་ཨིན་པས།
རྒེད་འོག་གི་ གསང་སྦས་ཨ་མ་གཡུས་ཚན་གྱི་ལྟག་ལུ་ སྒང་ཏོ་ཅིག་གུ་ཆགས་མི་ གཏེར་སྦས་དགོན་པ་དེ་ ཕྱི་ཁར་ལས་མཇལཝ་ཅིག་ར་ སེམས་བག་ཕེབས་ཏོག་ཏོ་སྦེ་ འོང་དོ་ཡོདཔ་མ་ཚད་ ནང་ན་ལྷོདཔ་ད་ སྐུ་འདྲ་ཚུ་ གསུང་བྱོན་ནི་བཟུམ་སྦེ་ མཇལཝ་ཨིན་པས།
གཙུག་ལག་ཁང་དེ་ལུ་ གཏེར་སྦས་དགོན་པ་ཟེར་ ཞུ་དགོ་མི་དེ་ཡང་ ཧེ་མ་ གཙུག་ལག་ཁང་བཞེངས་ནིའི་དོན་ལུ་ ས་བཅད་པའི་སྐབས་ ལཱ་འབད་མི་ཚུ་གིས་ ཤེལ་དམ་ཆ་གཅིག་ཐོབ་པའི་ཤུལ་ལས་ གཏེར་སྦས་དགོན་པ་ཟེར་ ཞུ་ཡོད་པའི་ ལོ་རྒྱུས་ཡོདཔ་ད་ ལྷ་ཁང་གི་སློབ་དཔོན་ ཚེ་རིང་དབང་དྲག་གིས་ བཤད་མིའི་ནང་ ཤེལ་དམ་དེ་ གཡུས་མི་ཚུ་གིས་ སྤ་རོ་དཔོན་སློབ་ ཚེ་རིང་དཔལ་འབྱོར་ལུ་ཕུལ་བའི་སྐབས་ དེའི་དགའ་ཚོར་ལུ་སྦེ་ དཔོན་སློབ་ཀྱིས་ བརྒྱད་སྟོང་པ་གསེར་བྲིསམ་ཅིག་ གནང་མི་དེ་ ད་རེས་ ལྷ་ཁང་གི་ནང་རྟེན་སྦེ་ མཇལ་ཚུགས་དོ་ཡོདཔ་ཨིན་པས།
སྤ་རོ་དཔོན་སློབ་ ཚེ་རིང་དཔལ་འབྱོར་དེ་ དཔོན་སློབ་༢༤ པ་ཨིནམ་ད་ ཁོ་ར་ དཔོན་སློབ་ཚུ་གི་གྲས་ལས་ བསྟན་པ་དང་སེམས་ཅན་གྱི་དོན་ལུ་ ཞབས་ཏོག་ཞུ་མི་ཅིག་ཨིན་པའི་ ལོ་རྒྱུས་ཡོདཔ་ད་ ཁོ་གི་སྐབས་ལུ་ སྤ་རོ་རིན་ཆེན་སྤུངས་པའི་རྫོང་ཡང་ ཉམས་གསོ་ཞུ་ཡོདཔ་མ་ཚད་ མཁས་གྲུབ་གཉིས་ལྡན་གྱི་ བླམ་མང་ཤོས་ཅིག་གི་ སྦྱིན་བདག་ཡང་མཛད་ནུག།
དེ་བསྒང་ ཧཱ་གི་ས་གནས་མང་ཤོས་ཅིག་ སྤ་རོ་རྫོང་གི་ མངའ་འོག་ལུ་འབདཝ་ལས་ གཏེར་སྦེ་ཐོབ་མི་ ཤེལ་དམ་ཆ་གཅིགཔོ་དེ་ དཔོན་སློབ་ལུ་ སྙན་ཞུ་ཕུལ་བར་ འབག་བསྐྱལ་མི་དང་འབྲེལ་ ཕུལ་ཡོདཔ་ད་ ད་རེས་གཏེར་དེ་ སྤ་རོ་རིན་ཆེན་སྤུངས་པའི་རྫོང་ནང་ཡོད་པའི་ ལོ་རྒྱུས་ཡོདཔ་ད་ གཙུག་ལག་ཁང་དེ་ གཏེར་བཞེས་སའི་ལྟག་ལུ་ བཞེངས་ཏེ་འདུག།
ལྷ་ཁང་གི་ནང་རྟེན་གཞན་ རྒྱུ་སྨན་འདམ་ལས་བཞེངས་མི་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེའི་སྐུ་འདྲ་དང་ མགོན་པོ་ཚེ་དཔག་མེད་ དེ་ལས་ ལྷ་ཚོགས་གཞན་གྱི་ སྐུ་འདྲ་ཚུ་ཡོདཔ་མ་ཚད་ གསུང་རྟེན་གྱི་རིགས་ཚུ་ཡང་ མཇལ་ནི་འདུག།
དེའི་ནང་དོན་ཉིད་ལས་ ནང་རྟེན་གཙོ་ཅན་དེ་ར་ རིང་ཚད་ཕིཊ་༡ འབད་མི་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ སྐུ་འདྲ་ཡོདཔ་ད་ སློབ་དཔོན་ཚེ་རིང་དབང་དྲག་གིས་ བཤད་མིའི་ནང་ སྐུ་འདྲ་དེ་ ཞབས་དྲུང་འཇིགས་མེད་ནོར་བུ་གིས་ ཁོ་རའི་ཕྱག་སྒརཔ་ ཨཔ་སྟོབས་ཆེན་ཟེར་མི་ལུ་ གསོལ་རས་སྦེ་ གནང་མི་དེ་ཨིན་ཟེར་ཨིན་པས།
དེ་བསྒང་ ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་ སྤུ་ན་ཁ་ རྟ་ལོག་ལུ་བཞུགས་ཡོདཔ་ད་ ཨཔ་སྟོབས་ཆེན་དེ་ ལོ་རྒས་ནི་དེ་གིས་ དགོངས་ཞུ་འབད་དེ་ ལོག་ཁོ་རའི་གཡུས་ ཧཱ་གསང་སྦས་ཨ་མ་ལུ་ འོང་པའི་སྐབས་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ ཁོ་རའི་སྐུ་འདྲ་དེ་ བཀྲིན་དགའ་ཚོར་གྱི་ གསོལ་རས་སྦེ་གནང་མི་དེ་ ཨཔ་སྟོབས་ཆེན་གྱིས་ ད་རེས་ཡོད་པའི་གཙུག་ལག་ཁང་གི་ ནང་རྟེན་སྦེ་ ཕུལ་ནུག་ཟེར་ཨིན་པས།
སྐུ་འདྲ་དེ་ ནང་རྟེན་སྦེ་ བཞུགས་སུ་གསོལ་ཏེ་ བདུན་ཕྲག་༡ གི་ཤུལ་ལས་ ས་གནས་ཀྱི་མི་ག་ར་ ཁ་སླབ་མ་ཚུགསཔ་ཐལ་བའི་སྐབས་ དེ་བཟུམ་གྱི་ རྟགས་མཚན་ངན་པ་དེ་ སྐུ་འདྲ་ཞུ་བའི་ཤུལ་ལས་ བྱུང་ཡོད་པའི་དོགས་པ་ཆགས་ཏེ་ ཨཔ་སྟོབས་ཆེན་གྱིས་ སྐུ་འདྲ་དེ་ ལོག་རྟ་ལོག་དགོན་པ་ལུ་ ཕུལ་ཡོད་པའི་ལོ་རྒྱུས་འདུག།
དེ་བསྒང་ ཞབས་དྲུང་རིན་པོ་ཆེ་གིས་ སྐུ་འདྲ་དེ་ གནད་དོན་ག་ཅི་ལུ་བརྟེན་ ལོག་འབག་འོང་ཡི་ཟེར་ གསུངས་པའི་ལན་ལུ་ ཨཔ་སྟོབས་ཆེན་གྱིས་ སྐུ་འདྲ་ཞུ་བའི་ཤུལ་ལས་ གཡུས་མི་ག་ར་ ལྐུགས་པ་ལུ་གྱུར་སོ་ཡི་ཟེར་ ཞུ་བའི་སྐབས་ ཞབས་དྲུང་རིན་པོ་ཆེ་གིས་ སྐུ་འདྲ་བསྲུང་མི་མེད་མི་ལུ་བརྟེན་ ཨིན་མས་ཟེར་གསུངས་ཏེ་ སྐུ་འདྲ་སྲུང་མི་སྦེ་ རྟ་ལོག་རྒྱལཔོ་གི་ སྐུ་འདྲ་ཅིག་ གནང་ཡོད་པའི་ལོ་རྒྱུས་འདུག།
དེ་ལས་ ཨཔ་སྟོབས་ཆེན་གྱིས་ ཞབས་དྲུང་གི་སྐུ་འདྲ་དང་ བཀའ་སྲུང་ རྟ་ལོག་རྒྱལཔོ་གི་ བཀའ་ཁྲབ་དང་བཅསཔ་སྦེ་ སྐུ་འདྲ་༢ ལོག་གཏེར་སྦས་དགོན་པ་ལུ་ གདན་འདྲེན་ཞུཝ་ཅིག་ ས་གནས་ཀྱི་མི་ཚུ་གིས་ ཨ་རྟག་ག་ཨིནམ་སྦེ་ བློ་སླབ་ཚུགས་ཡོདཔ་མ་ཚད་ ལུང་ཕྱོགས་དེ་ནང་ ནད་ཡམས་མུ་གེ་ལ་སོགས་པ་ཚུ་ ག་ར་ཞི་སྟེ་ ཆར་ཆུ་དུས་སུ་བབས་ ལོ་ཕྱུགས་རྟག་ཏུ་ལེགས་ནུག་ཟེར་ སློབ་དཔོན་ ཚེ་རིང་དབང་དྲག་གིས་ བཤད་ཅི།
ཞབས་དྲུང་གི་སྐུ་འདྲ་དང་ཅོག་འཐདཔ་སྦེ་ རྟ་ལོག་རྒྱལཔོ་གི་བཀའ་ཁྲབ་ལུ་ བརྩི་འཇོག་ཡོད་མི་དེ་ཡང་ བཀའ་སྲུང་གི་སྐུ་འདྲ་དེ་ཡང་ ཞབས་དྲུང་རིན་པོ་ཆེ་གིས་ གནང་ནི་དེ་གིས་ ཨིནམ་མ་ཚད་ རྟ་ལོག་གི་རྒྱལཔོ་དེ་ ལུང་བསྟན་དང་འཁྲིལ་ དགོན་པ་དེ་ནང་ གདན་འདྲེན་ཞུ་ཡོདཔ་ཨིན་ཟེར་བའི་ ལོ་རྒྱུས་ཡོདཔ་ད་ ད་རེས་ སྐུ་འདྲ་ལས་ ཐུགས་རྟགས་དང་ རྒྱབ་སྐྱོར་ཞུ་མི་ཡང་ ཐོན་དོ་ཡོདཔ་ཨིན་པས།
ཞབས་དྲུང་གི་སྐུ་འདྲ་དེ་ རྙིང་ཤོས་ཅིག་སྦེ་ མཇལ་ཚུགས་དོ་ཡོདཔ་ད་ དེའི་འོག་ལུ་ཡོད་མི་ བཀའ་ཁྲབ་དེ་ མི་མང་ལུ་ མཇལ་ཁ་མེདཔ་ད་ ཐོག་གཅིག་འབད་མི་ གཙུག་ལག་ཁང་གི་ ལྡེབས་རིས་ཚུ་ཡང་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ མཇལཝ་ཨིན་མས།
ལྡེབས་རིས་ཚུ་ཡང་ གཡས་ལུ་ཕུར་པའི་ལྷ་ཚོགས་དང་ གུ་རུ་མཚན་བརྒྱད་ དགོངས་འདུས་ཀྱི་ལྷ་ཚོགས་ཚུ་ཡོདཔ་ད་ གུ་རུ་མཚན་བརྒྱད་ཀྱི་ཞལ་དེ་ གཏེར་སྟོན་འབྲུག་སྒྲ་རྡོ་རྗེའི་ ཡང་སྲིད་ཀྱི་ ཕྱག་བྲིས་ཨིནམ་མ་ཚད་ ཡང་སྲིད་ཀྱི་ ཕྱག་རྟགས་ཡང་ མཇལ་ཚུགས་དོ་ཡོདཔ་ད་ གཏེར་སྦས་དགོན་པ་དེ་ནང་ ཤུལ་ལས་ དགེ་འདུན་སློབ་གྲྭ་གཞི་བཙུགས་འབད་དེ་ ད་རེས་ དགེ་སློང་༡༤ དེ་ཅིག་ འདུག་ཟེར་ཞུ་ནི་ཨིན།

ཧཱ་ལས་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

འགྲུལ་འཕྲིན་ཐོག་ལས་ རྫོང་ཁ་ལྷབ་ནིའི་མཐུན་རྐྱེན་ཚུ་གསར་བཏོན།

༉ ཁ་ཙ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཨ་ལོ་ཚུ་གིས་ རྫོང་ཁའི་མིང་ཚིག་དང་ ཡིག་སྡེབ་ཚུ་ འགྲུལ་འཕྲིན་ཐོག་ལས་ ལྷབ་སྦྱང་འབད་ནིའི་དོན་ལུ་ རྫོང་ཁའི་ཡིག་སྡེབ་ཀྱི་ རྩེདམོ་དང་ ཀི་དེབ་གཞན་ཚུ་ གསར་བཏོན་འབད་ཡི། ལྷན་ཚོགས་ཀྱིས་ ཀི་དེབ་ཚུ་ཡང་ ཨིང་རྫོང་ཤན་སྦྱར་སྲིད་དོན་མིང་མཛོད་དང་ …

Leave a Reply

Your email address will not be published. Required fields are marked *