ཧ་ཟས་ཤིང་འཛུགས་སྐྱོང་གི་ སྦྱོང་བརྡར་འབད་བའི་བསྒང་།

ཧ་ཟས་ཤིང་འཛུགས་སྐྱོང་གི་ སྦྱོང་བརྡར་མཇུག་བསྡུ་ཡོདཔ།

༉ མོང་སྒར་གླིང་མི་ཐང་ལུ་ཡོད་པའི་ གངས་རི་ཧ་ཟས་ལས་སྡེ་གིས་ ནུབ་ཕྱོགས་རྫོང་ཁག་༤ ལས་ མི་སེར་༡༥ ལུ་ ཉིན་གྲངས་༢ ཀྱི་རིང་ ཧ་ཟས་ཤིང་འཛུགས་སྐྱོང་གི་ སྦྱོང་བརྡར་བྱིན་པའི་ཤུལ་ལས་ ཁ་ཙ་ སྔ་ཚང་རྒེད་འོག་ནང་ཡོད་པའི་ གངས་རི་ཧ་ཟས་ལྡུམ་ར་ནང་ ལྟ་བཤལ་ཁྱིད་དེ་ ལས་རིམ་མཇུག་བསྡུ་ཡི།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༨ ལུ་ ལས་སྡེ་གིས་ རྫོང་ཁག་༡༨ ལས་ ལག་ཁྱེར་འཆང་མི་ མི་སྡེ་འགོ་ཁྲིདཔ་༣༠༧ ལུ་ ཁ་གསོའི་སྦྱོང་བརྡར་ བྱིན་ཡོདཔ་ཨིན་པས།

ཧ་ཟས་ལས་སྡེ་གི་ བརྡ་དོན་འགོ་དཔོན་  ལྷ་སྐྱིད་འོད་ཟེར་གིས སླབ་མིའི་ནང་ ཧ་ཟས་འཛུགས་སྐྱོང་འབད་མི་ ལྡུམ་ར་འཛིན་སྐྱོང་དང་ བདག་འཛིན་འབད་ཐངས་ཀྱི་ རིག་རྩལ་དང་ཡོན་ཏན་ཚུ་ སྤྲོད་ཡོདཔ་མ་ཚད་ སྨན་གཏོར་ནི་དང་ ཆུ་བླུག་ནི་ ལུད་བཟོ་ཐངས་ཀྱི་ སྦྱོང་བརྡར་ཚུ་ བྱིན་ཡི་ཟེར་ཨིན་པས།
འགོ་དཔོན་གྱིས་ སླབ་མི་དང་འཁྲིལ་བ་ཅིན་ རང་སོའི་ཞིང་ནང་ ཤིང་འཛུགས་སྐྱོང་འབདཝ་ཙམ་ཅིག་གིས་ འབྲས་བུ་འཚོ་ནི་ལུ་ དཀའ་ངལ་ཡོདཔ་ལས་ འཕྲལ་འཕྲལ་ར་ ལྡུམ་ར་ནང་ ལྟ་རྟོག་འབད་དེ་ མཐའ་འཁོར་བསལ་དགོ་པའི་ཁར་ འདབ་མ་རག་རོ་ཚུ་ཡང་ བསལ་དགོཔ་ཁག་ཆེ་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ གངས་རི་ཧ་ཟས་ལས་སྡེ་ གཞི་བཙུགས་འབད་བའི་ཤུལ་ལས་ ས་སྐམ་དང་ ཞིང་སྟོང་ཚུ་ནང་ ལྕངམ་འཛུགས་སྐྱོང་འབད་དེ་ ལོ་༩ ལྷག་སོ་རུང་ ཐོན་སྐྱེད་གངམ་མེདཔ་ལས་ ཚ་གྱང་ལང་དགོ་པའི་གཞི་ཅིག་ལུ་ ཐུག་ཡོད་རུང་ ལོ་བསྟར་བཞིན་དུ་ འགྲོས་ཀྱིས་སྦེ་ ཐོན་སྐྱེད་མང་སུ་འབད་ཡོདཔ་ལས་ སེམས་དགའ་དོ་ཟེར་ཨིན་པས།
ཞིང་ནང་ འཛུགས་སྐྱོང་འབདཝ་ཙམ་ཅིག་གིས་ ཐོན་སྐྱེད་ལེགས་ཤོམ་ཐོབ་ནི་དེ་ ལཱ་ཁག་བཏང་དོ་ཡོདཔ་ལས་ གཞན་དང་མ་འདྲཝ་སྦེ་ བདག་འཛིན་དང་ འཛིན་སྐྱོང་འཐབ་དགོཔ་བཞིན་དུ་ ཐོན་སྐྱེད་ཡང་ འབོར་ཆེ་ཏོག་ཏོ་སྦེ་ འཐོན་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
མ་གཞི་ ལས་སྡེའི་དམིགས་ཡུལ་གཙོ་བོ་ར་ མི་སེར་ཉམ་ཆུང་ཚུ་གི་ འོང་འབབ་ཡར་སེང་འབད་ནི་དང་ དབུལ་ཕོངས་ཀྱི་དཀའ་ངལ་མར་ཕབ་རྐྱབ་ནི་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ ཡུན་བརྟན་གོང་འཕེལ་དང་ ལཱ་གཡོག་གི་གོ་སྐབས་སྤྲོད་ཐབས་ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ལས་སྡེ་གིས་ འབྲུག་གི་སོ་ནམ་པ་༡༠,༠༠༠ ལྷགཔ་ཅིག་ལུ་ འོང་འབབ་བཟོ་ནི་གི་ གོ་སྐབས་སྤྲོད་དེ་ཡོད་པའི་ཁར་ མི་༨༠༠ ལུ་ ཐད་ཀར་གྱི་ ལཱ་གཡོག་གི་ གོ་སྐབས་བྱིན་ཏེ་ཡོདཔ་ཨིན་པས།
དེ་མ་ཚད་ ཧ་ཟས་ཤིང་འཛུགས་སྐྱོང་འབད་མི་དེ་གིས་  ས་རུད་ཆད་ནི་ཚུ་ལས་ བཀག་ཐབས་འབད་ནི་ལུ་ཡང་ ཁེ་ཕན་ཡོདཔ་ཨིན་པའི་གནས་ཚུལ།

སྔ་ཚང་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *