སློབ་ཕྲུག་ཚུ་གིས་ སློབ་གྲྭ་གདམ་ཁ་རྐྱབ་ནིའི་ གོ་སྐབས་འཐོབ་ཚུགས་ནི།

༉ དུས་ཅི་ སློབ་རིམ་༡༠ པ་ལས་ མཐར་འཁྱོལ་མི་སློབ་ཕྲུག་ཚུ་གིས་ གཞུང་དང་སྒེར་གྱི་སློབ་གྲྭ་ཚུ་ རང་སོའི་དང་འདོད་དང་འཁྲིལ་ཏེ་ གདམ་ཁ་རྐྱབ་ཞིནམ་ལས་ འཛུལ་ཞུགས་འབད་ནིའི་ གོ་སྐབས་འཐོབ་ཚུགས་ནི་ཨིན་པས།
དེ་ཡང་ ཁ་ཙ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་དང་ འབྲུག་གི་སྒེར་སྡེ་སློབ་གྲྭ་ཚོགས་སྡེའི་ འཐུས་མི་ཚུ་གི་བར་ན་ དུས་ཡུན་ཆུ་ཚོད་༢ ཀྱི་རིང་ གྲོས་བསྟུན་ཞལ་འཛོམས་འཚོགས་པའི་ཤུལ་ལས་ མོས་མཐུན་བྱུང་ཚུགས་རུང་ སློབ་ཕྲུག་ཚུ་གི་ འཛུལ་འཐུས་ཐད་ཁར་ གྲོས་འཆམ་འབྱུང་མ་ཚུགས།
དུས་ཅི་ སློབ་རིམ་༡༠ པ་ལས་ མཐར་འཁྱོལ་ཏེ་ གཞུང་གི་སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་ནིའི་ གོ་སྐབས་མ་ཐོབ་མི་ཚུ་ གཞུང་གིས་ སློབ་གཉེར་གྲོགས་རམ་ཐོག་ལས་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
དུས་ཅི་ སློབ་རིམ་༡༠ པའི་ སློབ་ཕྲུག་བསྡོམས་༡༢,༧༠༠ དེ་ཅིག་གིས་ གཞུང་གི་ཆོས་རྒྱུགས་རྐྱབ་ཡོདཔ་བཞིན་དུ་ གཞུང་གི་སློབ་གྲྭ་ནང་ སློབ་རིམ་༡༡ པའི་ནང་ ཤེས་ཡོན་འཕྲོ་མཐུད་ལྷབ་ནི་ལུ་ ས་སྟོང་༩,༠༠༠ དེ་ཅིག་ཡོདཔ་ད་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་༢,༨༠༠ དེ་ཅིག་ བྱིན་ནི་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ གལ་སྲིད་ སློབ་ཕྲུག་ཚུ་གིས་ སྒེར་གྱི་སློབ་གྲྭ་ཚུ་ནང་ རང་སོའི་དང་འདོད་དང་འཁྲིལ་ཏེ་ འགྱོ་མི་མངམ་མེད་པ་ཅིན་ ཧེ་མ་བཟུམ་སྦེ་ སྐུགས་ཀྱི་ཚད་གཞི་བཟོ་ བགོ་བཀྲམ་འབད་འོང་ཟེར་ཨིན་པས།
སྒེར་སྡེའི་སློབ་གྲྭ་ཚོགས་སྡེ་གིས་ སྤྱི་ཟླ་༡༡ པའི་ཚེས་༥ ལུ་ བློན་ཆེན་དང་གཅིག་ཁར་ ཕྱད་པའི་སྐབས་ ཚོགས་སྡེ་གིས་ སྤྱི་ལོ་༢༠༡༩ འི་ གནས་སྟངས་དབྱེ་ཞིབ་ཀྱི་ བསམ་གཞི་ཕུལ་བའི་ཁར་ སློབ་རིམ་༡༠ པ་ལས་སྐུགས་ཚད་མེདཔ་བཟོ་མི་དེ་གིས་ སློབ་གྲྭ་ཚུ་ལུ་ གྱོང་རྒུད་ཕོག་པའི་སྐོར་ལས་ ཞུ་ཡིག་ཕུལ་ནུག།
བློན་ཆེན་གྱིས་ གསུངས་མིའི་ནང་ སློབ་ཕྲུག་ཚུ་ལུ་ རང་སོའི་དང་འདོད་དང་འཁྲིལ་ཏེ་ ནང་སྡོད་དང་ ཕྱི་སྡོད་ཀྱི་ སློབ་གཉེར་གྲོགས་རམ་ གསལ་བཀོད་འབད་ཐོག་ལས་ སློབ་ཕྲུག་ཚུ་གིས་ སློབ་གྲྭ་དང་ ས་ཁོངས་ཚུ་ གདམ་ཁ་རྐྱབ་སྟེ་ ཐོ་བཀོད་འབད་ནིའི་གསལ་བསྒྲགས ཤེས་རིག་ལྷན་ཁག་གིས་ བདུན་ཕྲག་ཤུལ་མའི་ནང་ འབད་འོང་ཟེར་ཨིན་པས།
དེ་ལས་ སློབ་ཕྲུག་ག་དེམ་ཅིག་གིས་ སློབ་གྲྭ་གདམ་ཁ་རྐྱབ་ཡོད་པའི་ཐོ་ཚུ་ ཤེས་རྟོགས་འབྱུང་ཚུགས་ནི་མས་ཟེར་ཨིནམ་ད་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་༢,༧༠༠ དེ་ཅིག་ གཏང་ནི་ཨིན་མི་ལས་ སློབ་ཕྲུག་༡,༥༠༠ རྐྱངམ་གཅིག་གིས་ གདམ་ཁ་རྐྱབ་ཡོད་པ་ཅིན་ ད་རུང་ བདེ་སྒྲིག་འབད་ནིའི་ གོ་སྐབས་ཡོད་པའི་ཁར་ སློབ་ཕྲུག་ཚུ་ བགོ་བཀྲམ་འབད་ནི་དེ་ ཇོ་བདག་ཚུ་གིས་ ཐག་གཅད་དགོ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
སྒེར་གྱི་སློབ་གྲྭ་ཅིག་གིས་ སླབ་མིའི་ནང་ སློབ་གྲྭའི་ཇོ་བདག་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ གཞུང་གིས་ སྒེར་གྱི་སློབ་གྲྭ་དེ་ སྤུས་ཚད་སྐྱོ་དྲགས་ཡོད་པའི་ མཐོང་སྣང་བྱུང་མི་ལུ་བརྟེན་ སྒེར་གྱི་སློབ་གྲྭ་དེ་ སྒོ་བསྡམ་དགོཔ་བཟུམ་ཅིག་སྦེ་ མཐོང་ཡི་ཟེར་ཨིན་པས།
གཞུང་གིས་ ཤེས་རིག་གི་སྤུས་ཚད་ལུ་ རག་ལས་ཟེར་ སླབ་དོ་བཟུམ་སྦེ་ ཡུདཔ་ཐེངས་ཅིག་ནང་ བཏོན་མི་ཚུགསཔ་ལས་ སྤུས་ཚད་བཏོན་ནི་ལུ་ ཉུང་ཤོས་ལོ་༣ དེ་ཅིག་དགོཔ་ལས་ ན་ཧིང་བཟུམ་སྦེ་ར་ སློབ་ཕྲུག་༤,༠༠༠ དེ་ཅིག་ གནང་ཚུགས་པ་ཅིན་ཟེར་ བློན་ཆེན་ལུ་ ཞུ་ཡི།
སྒེར་གྱི་སློབ་གྲྭ་ནང་ སློབ་ཕྲུག་༢,༧༠༠ ལས་བརྒལ་ བྱིན་མ་ཚུགས་མི་དེ་ཡང་ གཞུང་གི་སློབ་གྲྭ་ནང་ ས་སྟོང་ཡོད་མི་ལུ་བརྟེན་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཁོ་གིས་འབད་བ་ཅིན་ ལོ་༣ ནང་ ཨ་ལོ་༤,༠༠༠ དེ་རེ་ སྒེར་གྱི་སློབ་གྲྭ་ནང་གཏང་པ་ཅིན་ སྒེར་གྱི་སློབ་གྲྭ་ ལེགས་ཤོམ་ཡོད་མེད་ཚུ་ ཤེས་རྟོགས་འབྱུང་ནིའི་ གོ་སྐབས་འཐོབ་མི་ཚུགས་ནི་མས་ཟེར་ཨིནམ་ད་ ཚོང་མགྲོན་པ་ཚུ་གིས་ ཐག་བཅད་པ་ཅིན་ མཁོ་འདོད་བསྐྱེད་མི་ དོ་འགྲན་ཅན་ཅིག་བྱུངམ་ད་ སློབ་གྲྭ་ལེགས་ཤོམ་ཡོད་མི་ཚུ་གིས་ ལེགས་ཤོམ་སྦེ་ སྐྱོང་ཚུགས་ཟེར་ཨིན་པས།
ན་ཧིང་ གཞུང་གི་སློབ་གཉེར་གྲོགས་རམ་ ཕྱི་སྡོད་སློབ་ཕྲུག་རེ་ལུ་ དངུལ་ཀྲམ་༣༠,༠༠༠ དང་ ནང་སྡོད་སློབ་ཕྲུག་རེ་ལུ་ དངུལ་ཀྲམ་༥༠,༠༠༠ བྱིན་ཐོག་ལས་ སློབ་ཕྲུག་༤,༢༥༥ དེ་ཅིག་ སྒེར་གྱི་སློབ་གྲྭ་༢༡ ནང་ འཛུལ་ཞུགས་འབད་ཡི།
ད་རེས་ སྒེར་གྱི་སློབ་གྲྭ་ཚུ་གིས་ འཛུལ་ཞུགས་ཀྱི་འཐུས་ ཕྱི་སྡོད་སློབ་ཕྲུག་རེ་ལུ་ དངུལ་ཀྲམ་༤༠,༠༠༠ དང་ ནང་སྡོད་ལུ་ དངུལ་ཀྲམ་༧༠,༠༠༠ གནང་དགོ་པའི་ གྲོས་འཆར་བཙུགས་ནུག།
བློན་ཆེན་གྱིས་ གསུངས་མིའི་ནང་ གནད་དོན་དེའི་ཐོག་ལུ་ གྲོས་བསྟུན་འབད་ཡི་ཟེར་ཨིནམ་ད་ ཤེས་རིག་ལྷན་ཁག་གིས་ ཕྱི་སྡོད་སློབ་ཕྲུག་རེ་ལུ་ དངུལ་ཀྲམ་༣༥,༠༠༠ དང་ ནང་སྡོད་སློབ་ཕྲུག་རེ་ལུ་ འཐུས་དངུལ་ཀྲམ་༦༠,༠༠༠ གྲོས་འཆར་བཙུགས་ནུག་ཟེར་ཨིན་པས།
ཨིན་རུང་ གནད་དོན་དེ་ལུ་ ཇོ་བདག་ཚུ་གིས་ དངོས་ལེན་འབད་མ་བཏུབ་པའི་ཁར་ ཁོང་གིས་འབད་བ་ཅིན་ གལ་སྲིད་ ཤེས་རིག་ལྷན་ཁག་གིས་ ཚད་གཞི་བཟོ་མི་ལུ་ ཁ་སྐོང་སློབ་ཕྲུག་ཚུ་གིས་ འབད་ཚུགས་པ་ཅིན་ཟེར་བའི་སྐོར་ལས་ ཞུ་ཡི།
ཇོ་བདག་ཚུ་གིས་ སླབ་མིའི་ནང་ ཤེས་རིག་གི་སྤུས་ཚད་ཡར་དྲག་གཏང་ནི་ལུ་ སློབ་དཔོན་ཚུ་ལུ་ རག་ལས་ནི་ཨིནམ་ལས་ དངུལ་ཀྲམ་༧༠,༠༠༠ ལས་ བརྒྱ་ཆ་༡༠ དང་ དངུལ་ཀྲམ་༤༠,༠༠༠ ལས བརྒྱ་ཆ་༥ སློབ་དཔོན་ཚུ་གི་ དངུལ་ཕོགས་ཡར་སེང་འབད་དགོ་ཟེར་ ཨིན་པས།
ཨིན་རུང་ གནད་དོན་དེའི་ཐོག་ལུ་ གྲོས་འཆར་འབྱུང་མ་ཚུགསཔ་ལས་ ཤུལ་ལས་ ཇོ་བདག་གཞན་ཚུ་དང་ གྲོས་བསྟུན་འབད་དེ་ ད་རུང་ ཞལ་འཛོམས་འཚོགས་ཞིནམ་ལས་ ཐག་གཅད་ནི་སྦེ་བཞག་ཡི།
བཀང་ལུང་ལུ་ཡོད་མི་ སྐལ་སྐྱིད་དང་ མོང་སྒར་ཤེས་རབ་རལ་གྲི་སློབ་གྲྭ་༢ ཀྱིས་ སློབ་གྲྭའི་འཛིན་སྐྱོང་འཐབ་ནི་ལུ་ གྱོང་རྒུད་ཕོག་པའི་ཤུལ་ལས་ སློབ་གྲྭ་དེ་ གཞུང་ལུ་ རྩིས་སྤྲོད་འབད་ནི་སྦེ་ ཤེས་རིག་ལྷན་ཁག་དང་ བློན་ཆེན་ལུ་ ཞུ་ཡིག་བཙུགས་ནུག།
ཁ་ཙ་ ལྡོག་ཕྱོགས་ཚོགས་པ་གིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ གཞུང་གིས་ མ་འོངས་སྒེར་གྱི་ སློབ་གྲྭ་དང་ སྤྱི་ལོ་༢༠༢༠ འི་ སློབ་དུས་རན་ཡོདཔ་ལས་ དྭངས་སེལ་ཐོག་ལས་ ལམ་ཕྱོགས་ལེགས་ཤོམ་ བཏོན་བྱིན་དགོཔ་ ཁག་ཆེ་ཟེར་ཨིནམ་ད་ སློབ་རིམ་༡༠ པ་ལས་ སྐུགས་ཚད་མེདཔ་བཟོ་མི་དེ་གིས་ སྒེར་གྱི་སློབ་གྲྭ་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ཅི་ཟེར་ཨིན་པས།
ད་རེས་ སྒེར་གྱི་སློབ་གྲྭ་ལ་ལོ་ཅིག་ གཞུང་ལུ་རྩིས་སྤྲོད་འབད་ནིའི་ ཞུ་བ་འབད་ཡོདཔ་ལས་ འགྲོས་ཀྱིས་སྦེ་ སློབ་གྲྭ་ག་ར་གིས་ སླབ་འཐོན་པ་ཅིན་ གཞུང་གིས་ རྩིས་ལེན་འོང་ག་ཟེར་ བཀོད་ཡོདཔ་ད་ སྒེར་གྱི་སློབ་གྲྭ་ཚུ་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ གལ་ཆེ་བའི་ གཙུག་སྡེ་ཅིག་ཨིན་ཟེར་ཨིན་པས།
ཨིན་རུང་ གཞུང་གིས་ སྒེར་གྱི་སློབ་གྲྭའི་ འཐུས་ཀྱི་གཞི་བཀོད་མེདཔ་བཏང་བའི་ཁར་ འཐུས་གསརཔ་དེ་ ཤེས་རིག་ལྷན་ཁག་གིས་ ངོས་ལེན་འབད་བའི་ གཞི་བཀོད་ལས་ དམའ་སུ་ཡོདཔ་བཞིན་དུ་ སློབ་ཕྲུག་ཚུ་ སྒེར་གྱི་སློབ་གྲྭ་ནང་ བགོ་བཀྲམ་འབད་བའི་ལམ་ལུགས་ཡང་ ཏན་ཏན་མེདཔ་བཟོ་ཡི་ཟེར་ ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ གཞུང་གིས་ གཞུང་དང་སྒེར་གྱི་ སློབ་གྲྭ་བར་ནའི་ འཛུལ་ཞུགས་གཞི་བཀོད་ཀྱི་ གྲོས་ཆོད་ཚུ་ལས་ འགལ་ཡོདཔ་མ་ཚད་ ཁྲིམས་དང་སྲིད་བྱུས་ཚུ་ཡང་ མགུ་འཐོམ་བཟོ་ད་ཡི་ཟེར་ཨིན་པས།
དེ་ལས་ གཞི་རྟེན་ཤེས་ཡོན་གྱི་ སློབ་རིམ་༡༠ པ་ལས་ཨིན་ན་ ཡང་ཅིན་ སློབ་རིམ་༡༢ པ་ལས་ཨིན་ན་ མགུ་འཐོམ་སི་སི་བཟོ་ཡོདཔ་ལས་ གཞུང་གིས་ དོགས་སེལ་འབད་དགོཔ་ད་ གཞུང་དང་ སྒེར་གྱི་ཤེས་རིག་ལམ་ལུགས་ ཡར་དྲག་གཏང་ནིའི་དོན་ལུ་ རྒྱབ་སྐྱོར་འབད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *