སློབ་ཕྲུག་བུཚ་ཅིག་ དམར་བསད་འབད་མི་ དོགས་ཅན་ཕོ་སྐྱེས་ དོ་དམ་འོག་ལུ་བཙུགས་ཡོདཔ།

༉ འཇིགས་མེད་ཆོས་གླིང་རྒེད་འོག་ནང་ སྐྱེས་ལོ་༡༩ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༧ ལང་མི་བུཚ་ཅིག་ དམར་བསད་འབད་བའི་དོགས་པ་ལུ་བརྟེན་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༨ ལུ་ ཉམས་རྒུད་པ་དང་ ཁོ་རའི་ཨང་རྒས་དེ་ རྒེད་འོག་གི་ མི་མང་ལྷ་ཁང་ནང་ ལོ་བསྟར་ཚེས་བཅུ་བཏང་སར་ འགྱོ་བའི་སྐབས་ལུ་ བྱུང་ཡོདཔ་ཨིན་པས།
ཚེ་འདས་བུཚ་དེ་ འཇིགས་མེད་ཆོས་གླིང་ཁ་སྟོད་ལས་ཨིནམ་ད་ ཁོ་ར་ རྒེད་འོག་གི་ སློབ་གྲྭ་ཅིག་ནང་ བློ་གསར་སློབ་རིམ་ནང་ དཔེ་ཆ་ལྷབ་མི་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ ཉིན་མའི་ལྟོ་ཟ་བའི་ཤུལ་ལས་ བྱང་མི་ཚེ་འདས་བུཚ་དེ་ ཨང་རྒས་ཀྱིས་ ཕྱི་རུའི་ཆུ་ཚོད་༣ དེ་ཅིག་ཁར་ ལོག་ཁྱིམ་ནང་འགྱོ་ནི་སྦེ་ འཚོལ་བའི་སྐབས་ འཚོལ་མ་འཐོབ་པར་ ཨང་རྒས་དེ་གིས་ ཁོ་རའི་ཆ་རོགས་ཚུ་དང་གཅིག་ཁར་ སྡོད་སྡོདཔ་འོང་མནོ་སྟེ་ མོ་ར་རྐྱངམ་གཅིག་སྦེ་ ཁྱིམ་ནང་སོང་ནུག་ཟེར་ཨིན་པས།
འཇིགས་མེད་ཆོས་གླིང་རྒཔོ་ ཀུ་མར་གུ་རུང་གིས་ བཤད་མིའི་ནང་ ཚེ་འདས་བུཚ་དེ་ དེ་ཚེ་ཕྱི་རུ་ ཁྱིམ་ནང་མ་ལྷོད་རུང་ ཕམ་ཚུ་གིས་ ག་ལུ་ཡང་ སྙན་ཞུ་མ་འབད་བར་ ཆ་རོགས་ཀྱི་ཁྱིམ་ནང་ ཞག་སྡོད་སྡོདཔ་འོང་མནོ་ནུག་ཟེར་ཨིན་པས།
དེ་གི་ནངས་པར་ ཨང་རྒས་ཀྱིས་ སློབ་གྲྭ་ནང་ ཚེ་འདས་ཀྱི་ སྒྲིག་གོ་བསྐྱལ་བར་འགྱོཝ་ད་ སློབ་གྲྭའི་བདག་སྐྱོང་གིས་ ཨ་ལོ་དེ་ སློབ་གྲྭ་ནང་ མ་འོང་པའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ དྲོ་པའི་ཆུ་ཚོད་༨ དང་སྐར་མ་༣༠ དེ་ཅིག་ལས་ རྒེད་འོག་དང་ སློབ་གྲྭའི་ལས་བྱེདཔ་ དེ་ལས་ སློབ་ཕྲུག་ཚུ་གིས་ བུཚ་དེ་འཚོལ་ཡོདཔ་བཞིན་དུ་ གཞལམ་སྒང་དང་ དགེ་ལེགས་ཕུག་གཞུང་ལམ་གྱི་ ཉེ་འདབས་ལུ་ཡོད་མི་ རྒེད་འོག་ཡིག་ཚང་གི་ གཡུར་བ་ནང་ ཕུངམ་སྒྱེན་མོ་སྦེ་ མཐོང་ཡོདཔ་ཨིན་པས།
རྒཔོ་གིས་བཤད་མིའི་ནང་ མི་ཚུ་གིས་ སྐྱེས་ལོ་༡༩ ལང་མི་ དོགས་པ་ཅན་དེ་ ཉིནམ་༡ གི་ཧེ་མར་ ལྷ་ཁང་གི་ ས་ཁོངས་ནང་མཐོང་ཡོདཔ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཞིནམ་ལས་ དོགས་ཅན་དེ་ འཚོལ་ཡི་ཟེར་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ ཉེ་འདབས་ཀྱི་ ས་གནས་ཅིག་ནང་ ཨ་ལཱན་ཅི་འཐུ་སྡོད་སར་མཐོང་བའི་ཤུལ་ལས་ དྲི་དཔྱད་འབདཝ་ད་ བུཚ་དེ་ བསད་ཡོད་པའི་ རྫུན་ཁ་བཟེད་ཡི་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
དོགས་ཅན་གྱིས་ དོན་དག་ག་ཅི་ཡང་མེད་རུང་ དེ་སྦེ་ར་ བསད་ཡི་ཟེར་སླབ་ཡོདཔ་ད་ བྱ་ངན་དེ་བྱུངམ་ད་ ཁོ་ར་ ཆང་འགྲངས་སོ་ནུག་ཟེར་ སླབ་ཡོདཔ་ཨིན་པས།
དོགས་ཅན་གྱིས་ ཚེ་འདས་བུཚ་དེ་ ས་ཁར་བརྡབ་ཞིནམ་ལས་ མགུ་ཏོ་གུ་ རྡོ་གིས་བླུགས་བྱིན་པའི་ཤུལ་ལས་ ཤི་སོ་ནུག་མནོ་སྟེ་ བྱག་གུ་ལས་མར་ བཀོག་བཏང་ནིའི་དོན་ལུ་ ཕུངམ་དེ་ འདྲུད་འབག་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
ཁོ་གིས་ ཕུངམ་དེ་ འདྲུད་འབག་པའི་སྐབས་ གོ་ལ་ཚུ་གིས་ ཐོགས་ནི་དེ་གིས་ ཕུད་བཏང་ཡོདཔ་སྦེ་ སླབ་ཡོདཔ་ད་ ཁོ་གིས་ ཕུངམ་དེ་ གཞུང་ལམ་ཁར་ལྷོདཔ་ད་ གཡུར་བ་ནང་ སྦ་བཞག་པའི་ཤུལ་ལས་ ཁྱིམ་ནང་སོང་ཡི་ཟེར་ སླབ་ཡོདཔ་ཨིན་པས།
རྒཔོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དོགས་ཅན་དེ་ སེམས་བརྟན་ཏོག་ཏོ་མེད་པའི་ཁར་ ཁོ་ར་ རྒེད་འོག་ནང་ ཕམ་ཚུ་དང་གཅིག་ཁར་ སྡོད་མི་ཨིན་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་དོ་ཡོདཔ་ད་ དེ་བཟུམ་སྦེ་ སྤྱི་ཟླ་འདི་གི་ཚེས་༧ ལུ་ པདྨ་ཐང་སྤྱི་འོག་གི་ ཉེ་འདབས་ལས་ ཕུངམ་རུལ་སོ་མི་ཅིག་ ཐོབ་ཡོད་མི་དེ་ རྒྱང་འཕྲིན་ལས་སྡེའི་ བདག་འཛིན་པ་ཨིནམ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
ཚེ་འདས་དེ་ སྐྱེས་ལོ་༥༣ ལང་མི་ ཆུ་འཛོམས་རྒེད་འོག་ལས་ཨིནམ་ད་ དགེ་ལེགས་ཕུག་རྒཔོ་ ཨོ་རྒྱན་དབང་ཕྱུག་དང་འཁྲིལཝ་ད་ ཁ་འཕྱེལ་ཡོད་མི་ཕུངམ་དེ་ མཁལ་རྡོག་གཉིས་ཆ་ར་མིན་འདུག་ཟེར་ ཨིན་པས།
ལས་སྡེའི་མི་ཚུ་དང་འཁྲིལཝ་ད་ ཚེ་འདས་དེ་ ཆང་འཐུང་ཡི་ར་སྡོད་མི་ཅིག་ཨིནམ་སྦེ་ སླབ་ཡོདཔ་ད་ ས་ཁོངས་ནང་ ལས་སྡེའི་སྒྲིག་གོ་ཡོད་མི་དེ་གིས་ ཕུངམ་ངོས་འཛིན་འབད་ཚུགས་ཡོདཔ་ཨིན་པས།
གནས་ཚུལ་དང་འཁྲིལཝ་ད་ སྤྱི་ཟླ་༨ པའི་ཚེས་༢༩ ལུ་ ཚེ་འདས་ཀྱིས་ ཁོ་རའི་གཡུས་ཁར་འགྱོ་ནིའི་དོན་ལུ་ ངལ་གསོ་ལེན་ཡོདཔ་ཨིན་རུང་ ཁོ་རའི་ཉེ་ཚན་ཚུ་ལུ་ དྲི་བའི་སྐབས་ ཁོ་ར་ གཡུས་ཁར་ལྷོད་པའི་སྐོར་ལས་ མ་ཤེས་པས་ཟེར་ཨིན་པས།
ཚེ་འདས་ཀྱི་ཕུངམ་དེ་ སྤྱི་ཟླ་༩ པའི་ཚེས་༨ ལུ་ ཉེ་ཚན་ཚུ་ལུ་ རྩིས་སྤྲོད་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *