ཉིན་གྲངས་༤ འབད་མི་ གྲོས་བསྡུར་ལས་རིམ་ནང་ བཅའ་མར་གཏོགས་མི་ ན་གཞོན་ཚུ།

སློབ་ཕྲུག་ན་གཞོན་༡༡༠ གྱིས་ ཐབས་རིག་དང་ བསམ་འཆར་བརྗེ་སོར།

༉ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་ནང་ ན་གཞོན་གྱི་ གྲོས་བསྡུར་ལས་རིམ་ འགོ་བཙུགསཔ་དང་འབྲེལ་ བཅའ་མར་གཏོགས་མི་ ན་གཞོན་ཚུ་གིས་ གནད་དོན་ཚུ་  ངོས་འཛིན་ཐོག་ལས་ སེལ་ཐབས་འབད་ནི་དང་ རང་སོའི་བསམ་འཆར་ཚུ་ ན་གཞོན་ཚུ་གི་བར་ན་ བརྗེ་སོར་འབད་ནིའི་ གོ་སྐབས་འཐོབ་ཚུགས་ནི་ཨིན་པས།
དེ་མ་ཚད་ ན་གཞོན་ཚུ་གིས་ དམངས་གཙོའི་རིང་ལུགས་ནང་ བཅའ་མར་གཏོགས་དགོཔ་དེ་ གལ་ཆེ་བའི་སྐོར་ལས་ ཧ་གོ་ནི་དང་ འགོ་ཁྲིདཔ་ན་གཞོན་ཚུ་དང་ཡང་ འཕྱད་ཚུགས་ནི་ཨིན་པས།
ཉིན་གྲངས་༤ གི་རིང་ འགོ་འདྲེན་འཐབ་མི་ ལས་རིམ་དེ་ནང་ རྒྱལ་ཁབ་ནང་འཁོད་ལས་ མཐོ་རིམ་སློབ་གྲྭ་དང་ སློབ་གྲྭ་ཁག་ཚུ་ལས་ ན་གཞོན་སྐྱེས་ལོ་༡༦ ལས་༢༥ གི་བར་ན་འབད་མི་ སློབ་ཕྲུག་༡༡༠ དེ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་བཞིན་དུ་ སློབ་ཕྲུག་ལ་ལོ་ཅིག་ ཐིམ་ཕུག་ལུ་ འགོ་དང་པ་ ལྷོདཔ་ཨིན་པས།
ལས་རིམ་ནང་ ན་གཞོན་ཚུ་གིས་ སྡེ་ཚན་བཟོ་ཐོག་ལས་ རྒྱལ་ཁབ་དང་ མི་སྡེའི་གནད་དོན་སྐོར་ལས་ རང་སོའི་བསམ་འཆར་ཚུ་ གྲོས་བསྡུར་འབད་ཡོདཔ་ད་ ལས་རིམ་དེ་གིས་ ན་གཞོན་ཚུ་གི་ འགན་ཁུར་ག་ཅི་ཨིན་ན་ ཧ་གོ་སྟེ་ མི་སྡེ་ནང་ ལྷན་ཐབས་འབད་ཚུགས་ཨིནམ་ད་ དུས་ཅི་གི་ ན་གཞོན་གྲོས་བསྡུར་གྱི་ བརྗོད་དོན་དེ་ཡང་ སྤྱིར་བཏང་ལེགས་བསྒྱུར་ཟེར་བཞག་ནུག།
འབྲུག་བརྡ་བརྒྱུད་དང་དམངས་གཙོ་ལྟེ་བའི་མདོ་ཆེན་ བཙན་སྐྱོགས་ལྷ་མོ་གིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ཚུ་ ཤེས་ཡོན་ལེགས་ཤོམ་ཡོད་མི་དང་ བུཚ་དང་བུམོ་དབྱེ་བ་མ་ཕྱེ་བར་ གོ་སྐབས་འདྲ་མཉམ་སྦེ་ བྱིན་ཡོདཔ་བཞིན་དུ་ བཅའ་མར་གཏོགས་མི་ག་ར་ དང་འདོད་དང་འཁྲིལ་ཏེ་ ཐོ་བཀོད་འབད་མི་ཚུ་ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་  ལས་རིམ་གྱི་བརྗོད་དོན་ཐོག་ལུ་ སློབ་ཕྲུག་ཚུ་ཡང་  སྡེ་ཚན་ཁག་༦ བཟོ་སྟེ་ དམངས་གཙོའི་ལམ་ལུགས་དང་འཁྲིལ་ ད་རེས་ནངས་པར་ སློབ་ཕྲུག་ཁོང་ར་སྡོད་སའི་ སྒྲིག་གཞི་དང་ལམ་ལུགས་ཡང་  བཟོ་བཅུག་ཅི་ཟེར་ཨིན་པས།
བཙན་སྐྱོགས་ལྷོ་མོ་གིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ ན་གཞོན་ཚུ་གིས་ ལས་རིམ་དེ་ལས་ཐོབ་མི་ རིག་རྩལ་དེ་ དངོས་སུ་ལག་ལེན་འཐབ་སྟེ་ རང་སོའི་སློབ་གྲྭ་ནང་ འགྱོ་ཞིནམ་ལས་ ད་ལྟོའི་ ན་གཞོན་གཞན་ཚུ་གི་ འགོ་ཁྲིདཔ་འབད་དེ་ ཤེས་ཡོན་ཚུ་ བརྗེ་སོར་འབད་དོ་ཟེར་ཨིན་པས།
དེ་མ་ཚད་ ལས་རིམ་སྐབས་ ཧེ་མའི་ལས་རིམ་དང་ ལས་འགུལ་ཚུ་ གློག་བརྙན་ཐོག་ལས་ སྟོན་པའི་ཤུལ་ལུ་ ན་གཞོན་ཚུ་གིས་འབད་རུང་ ལས་འགུལ་གསརཔ་ གཞི་བཙུགས་ནི་ལུ་ སེམས་ཤུགས་བསྐྱེད་ཚུགས་པས་ཟེར་ མདོ་ཆེན་གྱིས་ བཤད་ཅི།
ཡེ་སྦིས་ལབ་རྩ་སློབ་གྲྭ་ལྟེ་བའི་སློབ་དཔོན་ རཊ་ན་བྷ་དུར་ དཱ་ཧཱལ་གྱིས་འབད་བ་ཅིན་ ན་ཧིང་ ན་གཞོན་གྱི་ གྲོས་བསྡུར་མཇུག་བསྡུ་བའི་ཤུལ་ལས་ འབྲུག་བརྡ་བརྒྱུད་དང་ དམངས་གཙོའི་ལྟེ་བ་གིས་ མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ ཐབ་ཚང་གི་ ཕྱགས་སྙིགས་རག་རོ་དང་ ཤིང་གི་འདབ་མ་ལ་སོགས་པ་གིས་ ལུད་བཟོ་ཡི་ཟེར་ཨིན་པས།
ལས་རིམ་དེ་གིས་ ན་གཞོན་ཚུ་ལུ་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཚུགས་པས་ཟེར་ཨིནམ་ད་ ཁོ་གིས་ སློབ་ཕྲུག་༢༠ དེ་ཅིག་ ཁྱིད་འོང་ཡོདཔ་བཞིན་དུ་  རཊ་ན་བྷ་དུར་ དཱ་ཧཱལ་གྱིས་ ད་རེས་འབདཝ་ད་ ལས་རིམ་ནང་ ཐེངས་༤ དེ་ཅིག་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ལས་རིམ་སྐབས་ ན་གཞོན་ཚུ་གིས་  སྒོམ་རྐྱབ་ཐངས་དང་ རང་སོའི་ རིག་རྩལ་གསལ་སྟོན་འབད་ནི་ དུས་ཐུང་གློག་བརྙན་སྟོན་ནི་ དེ་ལས་ ས་གནས་ཁག་ཚུ་ནང་ འཁྱིད་ནི་ལ་སོགས་པའི་ ལས་རིམ་ཚུ་ཡོདཔ་ ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

འགྲུལ་འཕྲིན་ཐོག་ལས་ རྫོང་ཁ་ལྷབ་ནིའི་མཐུན་རྐྱེན་ཚུ་གསར་བཏོན།

༉ ཁ་ཙ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཨ་ལོ་ཚུ་གིས་ རྫོང་ཁའི་མིང་ཚིག་དང་ ཡིག་སྡེབ་ཚུ་ འགྲུལ་འཕྲིན་ཐོག་ལས་ ལྷབ་སྦྱང་འབད་ནིའི་དོན་ལུ་ རྫོང་ཁའི་ཡིག་སྡེབ་ཀྱི་ རྩེདམོ་དང་ ཀི་དེབ་གཞན་ཚུ་ གསར་བཏོན་འབད་ཡི། ལྷན་ཚོགས་ཀྱིས་ ཀི་དེབ་ཚུ་ཡང་ ཨིང་རྫོང་ཤན་སྦྱར་སྲིད་དོན་མིང་མཛོད་དང་ …

Leave a Reply

Your email address will not be published. Required fields are marked *