སློབ་ཕུག་བུཚ་སྡེ་ཆེན་ཅིག་གིས་ རྐང་དུང་དང་ དུང་དཀར་ རྒྱ་གླིང་འཕུ་ནིའི་དོན་ལུ་ དབུགས་བསྐོར་བཙུགས་ཐངས་ཀྱི་ སྦྱང་བ་འབད་བའི་བསྒང་།

སློབ་གྲྭའི་ཆོས་ཕྱོགས་ཚོགས་ཕྲན་གྱིས་ ཆོས་དང་འབྲེལ་བའི་ ལམ་སྲོལ་ཉམས་སྲུང་ལུ་ལྷན་ཐབས།

༉ རེས་གཟའ་ཕུར་བུ་ལུ་ ཉིན་ཡོལཝ་ཅིག་ཁར་ དུང་དང་རྒྱ་གླིང་ དུང་དཀར་ རྐང་དུང་ཚུ་འཕུ་བའི་སྐད་དང་ རོལམོ་བརྡུང་པའི་སྐད་གོཝ་ད་ ས་གོ་དེ་ནང་ འགོ་དང་པ་ ལྷོད་མི་ཚུ་ལུ་ གྲྭ་ཚང་དང་ བཤད་གྲྭ་ ཡང་ཅིན་ ལྷ་ཁང་དགོན་སྡེ་ཅིག་ནང་ ལྷོད་ཡོདཔ་བཟུམ་དང་ ཡང་ཅིན་ ཁྱིམ་ཅིག་ནང་ ལོ་མཆོད་བཏང་པའི་ ཉམས་སྣང་ཤར་ནི་ཨིན་པས།
དེ་འབདཝ་ད་ འདི་བཟུམ་མའི་ མཆོད་ཆས་ལག་ལེན་དང་འབྲེལ་བའི་ སྐད་གོ་མི་དེ་ ཚེས་བཅུ་དང་ རིམ་གྲོ་གཏངམ་མེན་པར་ བཀྲིས་གཡང་རྩེ་རྫོང་ཁག་ བཙན་མཁར་ལ་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་ ཉིན་བསྟར་སློབ་སྟོན་གྱི་ཐུན་ཚན་ མཇུག་བསྡུཝ་ད་ སྦྱང་བ་འབད་བའི་ ལས་རིམ་ཅིག་ཨིན་པས།
སློབ་གྲྭ་ལྟེ་བ་གིས་ ཆོས་དང་འབྲེལ་བའི་ ལམ་སྲོལ་ཉམས་སྲུང་འབད་ཐབས་ལུ་ སློབ་གྲྭ་མང་ཤོས་ཅིག་ནང་མེད་པའི་ ཚོགས་ཕྲན་ཅིག་ གཞི་བཙུགས་འབད་ཡོད་མི་དེ་ཡང་ ཨ་ལོ་ཚུ་གི་རྒྱུད་ལུ་ ཀུན་ཚང་ཤེས་ཡོན་བྱིན་ཐབས་ལུ་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ག་རའི་ནང་ སློབ་སྟོན་གྱི་ཐུན་ཚན་ མཇུག་བསྡུ་བའི་ཤུལ་ལས་ བདུན་ཕྲག་༡ ནང་ ཚོགས་ཕྲན་ཚར་གཅིག་ འགོ་འདྲེན་འཐབ་དགོ་པའི་ ཤེས་རིག་གི་ སྲིད་བྱུས་ཡོདཔ་ཨིན་པས།
ཆོས་ཕྱོགས་ཚོགས་ཕྲན་གྱི་ འགོ་འདྲེན་པ་ སློབ་དཔོན་ཨོ་རྒྱན་ཆོས་གྲགས་ཀྱིས་ ཚོགས་ཕྲན་གཞི་བཙུགས་འབད་དགོ་པའི་ དམིགས་ཡུལ་ངོ་མ་ར་ ན་གཞོན་ཚུ་ ནང་པའི་ཆོས་ལུ་ དད་པ་དང་ཡིད་ཆེས་བསྐྱེད་བཅུག་ནི་དང་ ཆོས་ཕྱོགས་ཀྱི་ ལས་སྣ་ཚུ་ལུ་ སྤྲོ་བ་བསྐྱེད་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།

ཚོགས་ཕྲན་གྱི་ འཐུས་མི་སློབ་ཕྲུག་ཚུ་གིས་ དུང་འཕུ་ཐངས་དང་ རོལམོ་ལག་ལེན་འཐབ་ཐངས་ཀྱི་ སྦྱང་བ་འབད་བའི་བསྒང་།

ཁོ་གིས་འབད་བ་ཅིན་ ཚོགས་ཕྲན་དེ་ནང་ ཆོས་དང་འབྲེལ་བའི་ བསླབ་བྱ་དང་ ལམ་སྟོན་ཚུ་ བྱིན་ནི་ཡོད་མི་དེ་གིས་ ན་གཞོན་ཚུ་གི་རྒྱུད་ལུ་ ནང་གི་བསམ་པ་དང་ ཕྱིའི་བྱ་སྤྱོད་ཚུ་ ལེགས་བཅོས་འབད་ཚུགས་པའི་ འོས་འབབ་ཡོད་པའི་ཁར་ མ་འོངས་པ་ལུ་ རང་གིས་རང་གི་རྐངམ་གུ་ ལོང་སྡོད་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
ཚོགས་ཕྲན་གྱི་ འཐུས་མི་ཚུ་ལུ་ མཆོདཔ་ཕུལ་ཐངས་དང་ དཀར་མེའི་དོང་རས་འཁལ་ཐངས་ བཞེངས་བརྡ་དང་གཟིམ་བརྡ་ཕུལ་ཐངས་ བསུ་བ་སེར་སྦྲེངས་ དེ་ལས་ དྲོ་པ་ལྷ་བསང་དང་ ཕྱི་རུའི་གསོལ་ཁ་ཕུལ་བའི་སྐབས་ དུང་དང་རྒྱ་གླིང་འཕུ་ཐངས་ཚུ་ སྟོནམ་ཨིན་པས།
དེ་ལས་ དུས་ཅི་ གསར་འཛུལ་འབད་མི་ ཨ་ལོ་ཚུ་ལུ་ ད་ལྟོ་ རྐང་དུང་དང་ དུང་དཀར་ རྒྱ་གླིང་འཕུ་ནིའི་དོན་ལུ་ དབུགས་བསྐོར་བཙུགས་ཐངས་ཀྱི་ སྦྱང་བ་འབད་བའི་བསྒང་འདུག།
ཚོགས་ཕྲན་ནང་འཛུལ་ཏེ་ ལོ་༣ ལང་དོ་ཡོད་མི་ སློབ་རིམ་༡༠ པའི་སློབ་ཕྲུག་ སྒྲོལ་མ་རྡོ་རྗེ་གིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ ལྷབ་སྦྱང་འབད་མི་ཚུ་ ཁོ་རའི་ ཆ་རོགས་ཚུ་ལུ་ སྟོན་བྱིནམ་མ་ཚད་ སློབ་གྲྭའི་ཆོས་ཕྱོགས་ཀྱི་ ལས་རིམ་ཚུ་ནང་འབྲེལ་གཏོགས་འབད་ཚུགས་པས་ཟེར་ཨིན་པས།
ད་རུང་ སློབ་རིམ་༡༠ པའི་སློབ་ཕྲུག་ སེངྒེ་ཚེ་རིང་གིས་འབད་བ་ཅིན་ གཡུས་སྒོ་ནང་ ལག་ལེན་འཐབ་སྲོལ་ཡོད་པའི་ ཆོས་དང་འབྲེལ་བའི་ ལས་སྣ་ཚུ་ སྒོམ་ཆེན་ཚུ་ལས་ ཨ་ཙི་རེ་ལྷབ་ཡོདཔ་ལས་ ཚོགས་ཕྲན་ནང་ ལྷབ་སྦྱང་འབད་བའི་སྐབས་ གདོང་ལེན་སྦོམ་ མི་བྱུང་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་ཕྲན་ནང་ འཐུས་མི་སྦེ་ ཧེ་མ་ལས་ འཛུལ་མི་ཚུ་གིས་ ལྷ་བསང་དང་ སྒྲོལ་ཆོག་ཚུ་ གཏང་ཚུགས་དོ་ཡོདཔ་ལས་ མ་འོངས་པ་ལུ་ གལ་སྲིད་ ལཱ་གཡོག་གི་ དཀའ་ངལ་རེ་ འཐོན་པ་ཅིན་ ནང་པའི་ཆོ་ག་ཕྱག་ལེན་ལས་བརྟེན་ མི་ཚེ་སྐྱོང་ཚུགས་པའི་ ཁེ་ཕན་འོང་ནི་མས་ཟེར་ཨིན་པས།

སློབ་ཕྲུག་བུམོ་ཚུ་གིས་ དུང་དཀར་དང་ རྐང་དུང་འཕུ་ཐངས་ལྷབ་སྦྱང་འབད་བའི་བསྒང་།

སློབ་གྲྭའི་དབུ་འཛིན་ ཀརྨ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ སློབ་ཕྲུག་ལ་ལོ་ཅིག་ ཆོས་ཕྱོགས་ཀྱི་ལཱ་ལུ་ སྤྲོ་བ་ཡོདཔ་ལས་ སློབ་གྲྭ་ནང་ ཆོས་ཕྱོགས་དང་འབྲེལ་བའི་ ལཱ་ག་ཅི་འབད་དགོཔ་ཐོན་རུང་ ཁོང་གིས་ འབད་དོ་ཟེར་ཨིནམ་ད་ ཚོགས་ཕྲན་གྱི་ སློབ་ཕྲུག་ཚུ་ལུ་ བྱ་སྤྱོད་དང་འབྲེལ་བའི་ དཀའ་ངལ་ཚུ་ སློབ་ཕྲུག་གཞན་བཟུམ་ཅིག་ར་ འཐོན་ནི་མེད་ཟེར་ བཤདཔ་ཨིན་པས།
དེ་མ་ཚད་ སློབ་གྲྭ་ནང་ ཆེ་མཐོའི་དཔོན་ཁག་དང་ བླ་སྤྲུལ་ག་བཟུམ་བྱོན་རུང་ བསུ་བ་སེར་སྦྲེང་གི་དོན་ལུ་ ཆོསཔ་ཚུ་ཕྱི་ཁ་ལས་འཚོལ་དགོཔ་ མེད་པའི་ཁར་ ཉེས་འདབས་ཀྱི་ སློབ་གྲྭ་ཚུ་ནང་ ཁག་ཆེ་བའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ད་ བསུ་བ་སེར་སྦྲེང་གི་དོན་ལུ་ ཚོགས་ཕྲན་གྱི་ སློབ་ཕྲུག་ཚུ་ བཏང་དོ་ཟེར་ཨིན་པས།
ཚོགས་ཕྲན་གྱི་ དུས་ཚོད་ནང་ ལྷབ་སྦྱང་འབད་མི་ཚུ་ ཁོང་རའི་སྤྲོ་བ་དང་འཁྲིལ་ བདུན་ཕྲག་ངལ་གསོའི་སྐབས་ ཤེས་མི་ཚུ་ལས་སྦྱང་བ་འབད་དོ་ཡོདཔ་ད་ ཚོགས་ཕྲན་ནང་ འཐུས་མི་༣༥ དེ་ཅིག་ཡོདཔ་ཨིན་པས།
སྤྱི་ལོ་༡༩༧༨ ལུ་ གཞི་བཙུགས་འབད་མི་ བཙན་མཁར་ལ་སློབ་གྲྭ་ནང་ བློ་གསར་ལས་ སློབ་རིམ་༡༡ པ་ཚུན་ཚོད་ སློབ་ཕྲུག་ཡོངས་བསྡོམས་༧༠༠ ལྷགཔ་ཅིག་ཡོད་པའི་གནས་ཚུལ།

སྟོང་ཞང་པ་འཇམ་དབྱངས་ཕུན་ཚོགས།
བཙན་མཁར་ལ་སློབ་གྲྭ་ལྟེ་བ།

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *