སློབ་གྲྭ་ལོག་སྒོ་ཕྱེ་ནིའི་སྐོར་ ད་ལྟོ་ སླབ་མི་ཚུགས་ཟེར་ གསོ་བ་བློན་པོ་གིས་བཤད་ཡོདཔ།

༉ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ གསོ་བ་ལྷན་ཁག་གི་ ཁ་ཐུག་ལས་ བདུན་ཕྲག་དག་པ་ཅིག་གི་རིང་ སློབ་གྲྭ་ཚུ་ ལོག་སྒོ་ཕྱེ་ནི་གི་ འོས་འབབ་མི་མཐོང་པས་ཟེར་ བཤདཔ་ཨིན་པས།

མོ་གི་འབད་བ་ཅིན་ ནད་ཡམས་ཀོ་བིཌ་-༡༩ གི་ གནས་སྟངས་བལྟ་དགོ་པའི་ཁར་ རྒྱ་གར་རྒྱལ་ཁབ་ཡང་ སྒོ་མ་ཕྱེ་བར་ཡོདཔ་ལས་ སློབ་གྲྭ་ཚུ་ བདུན་ཕྲག་༢ དང་༣ དེ་ཅིག་ནང་ ལོག་སྒོ་ཕྱེ་ནི་གི་ གྲོས་འདེབས་ཕུལ་མི་ཚུགས་ཟེར་ཨིན་པས།

ཁ་ཙ་ གནས་ཚུལ་ཞལ་འཛོམས་ནང་ གསོ་བ་བློན་པོ་གིས་ བཤད་མིའི་ནང་ རྒྱ་གར་རྒྱལ་ཁབ་དེ་ སྒོ་ཕྱེ་ཞིནམ་ལས་དང་ འབྲུག་ལུ་ ནད་ཡམས་ཀྱི་ གནས་སྟངས་གཏན་འཁེལ་སྦེ་ བལྟ་ཞིནམ་ལས་རྐྱངམ་གཅིག་ སློབ་གྲྭ་ལོག་སྒོ་ཕྱེ་ནི་གི་ འཆར་གཞི་བརྩམ་དགོ་ཟེར་ཨིན་པས།

དེ་བཟུམ་སྦེ་ ལྷན་ཁག་གི་ཁ་ཐུག་ལས་ གལ་སྲིད་ སློབ་གྲྭ་ཚུ་ སྒོ་ཕྱེ་དགོ་པ་ཅིན་ ནད་ཡམས་བཀག་ཐབས་ལུ་ ག་ཅི་ར་ དགོཔ་ཨིན་ན་ ཐབས་ལམ་ཚུ་སྒྲིག་སྟེ་ ཤེས་རིག་ལྷན་ཁག་དང་ བློན་ཆེན་གྱི་ ཡིག་ཚང་ལུ་ ཕུལ་ཏེ་ཡོད་ཟེར་ གསོ་བ་བློན་པོ་གིས་ བཤད་ཅི།

མོ་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ནང་ ནད་གཞི་མི་འབུ་ནིའི་དོན་ལུ་ ཐབས་ལམ་ཚུ་ སྒྲིག་སྟེ་མེད་པ་ཅིན་ སློབ་གྲྭ་ཚུ་ སྒོ་ཕྱེ་མ་དགོ་པའི་ འཆར་གཞི་ཚུ་ བརྩམ་དགོཔ་བཞིན་དུ་ ནད་གཞི་དེ་ལུ་ ག་ཅི་འབད་ནི་ཨིན་ན་ སླབ་མ་ཤེས་མི་ལུ་བརྟེན་ འཕྲལ་གྱི་འཆར་གཞི་བརྩམ་རུང་ ལཱ་ཁག་འདུག་ཟེར་ཨིན་པས།

གསོ་བ་ལྷན་ཁག་གིས་ འཛམ་གླིང་གི་ མཁས་མཆོག་ཚུ་དང་ གྲོས་བསྟུན་འབད་བའི་ཁར་ རྒྱལ་ཁབ་གཞན་ཚུ་ལུ་ ག་ཅི་ལུ་བརྟེན་ སྟབས་མ་བདེཝ་ བྱུང་ཡོདཔ་ཨིན་ན་ དེ་ཚུ་ལུ་ གཞི་བཞག་སྟེ་ སྒྲིག་གཞི་བཟོ་སྟེ་ ཕུལ་ཡི་ཟེར་ཨིན་པས།

དེ་འབདཝ་ལས་ བདུན་ཕྲག་༢ དང་༣ དེ་ཅིག་རིང་ སློབ་གྲྭ་ཚུ་ ལོག་སྒོ་ཕྱེ་ནིའི་སྐོར་ སླབ་མི་ཚུགས་པས་ཟེར་ གསོ་བ་བློན་པོ་གིས་ བཤད་ཡོདཔ་ད་ སློབ་གྲྭ་ཚུ་ཡང་ སྤྱི་ཟླ་༣ པའི་ཚེས་༦ ལུ་ རྒྱལ་ཁབ་ནང་ ནད་ཡམས་འགོ་དང་པ་ ཐོན་པའི་སྐབས་ སྔོན་འགོག་གི་ ཐབས་ལམ་ལུ་དམིགས་ཏེ་ སྒོ་བསྡམས་ཡོདཔ་ཨིན་པས།

འདས་པའི་གནས་ཚུལ་ ཞལ་འཛོམས་སྐབས་ ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ ནད་ཡམས་ལུ་བརྟེན་ ཉེན་ཁ་མེད་པའི་ ས་ཁོངས་ཀྱི་ སློབ་གྲྭ་ཚུ་ དབྱེ་ཁག་ཐོག་ སྒོ་ཕྱེ་ནི་ཨིན་ན་དང་ སློབ་རིམ་༡༠ པ་དང་༡༢ པའི་ སློབ་ཕྲུག་ཚུ་གིས་ གཞུང་གི་ཆོས་རྒྱུགས་རྐྱབ་དོ་ཡོདཔ་ལས་ དེ་གི་དོན་ལུ་ སློབ་གྲྭ་ཚུ་ སྒོ་ཕྱེ་ནིའི་ འོས་འབབ་ཚུ་ བལྟ་དོ་ཟེར་བཤད་ཅི།

དེ་བཟུམ་སྦེ་ ནང་སྡོད་མཐུན་རྐྱེན་ཡོད་མི་ སློབ་གྲྭའི་སློབ་ཕྲུག་ཚུ་ ཕྱི་ཁར་འགྱོ་མི་དགོཔ་ལས་ དེ་ཚུ་ཡང་ ག་དེ་སྦེ་ འབད་ནི་ཨིན་ནའི་སྐོར་ལས་ ལྷན་རྒྱས་གཞུང་ཚེོགས་ནང་ གྲོས་བསྟུན་བྱུང་ཡི་ཟེར་ བློན་པོ་གིས་ བཤད་ཅི།

སྤྱི་ཟླ་༥ པའི་ཚེས་༡༤ ལུ་ ཤེས་རིག་ལྷན་ཁག་གིས་ རྫོང་ཁག་དང་ ཁྲོམ་སྡེ་ཚུ་ནང་ སློབ་གྲྭ་ཚུ་ཡང་ དབྱེ་ཁག་ཐོག་ལས་ ཤུལ་མའི་ཟླཝ་ལས་ སྒོ་ཕྱེ་ནི་བཟུམ་སྦེ་ ཁྱབ་བསྒྲགས་འབད་ཡོདཔ་ད་ ནད་ཡམས་བཀག་ཐབས་ལུ་ སློབ་གྲྭ་ཚུ་ནང་ འཐུང་ཆུ་དང་ ལགཔ་ཆུ་འཁྱུ་ནི་གི་ མཐུན་རྐྱེན་ཚུ་ ངེས་པར་དུ་ གཞི་བཙུགས་འབད་དགོཔ་སྦེ་བཀོད་ནུག།

རྒྱལ་ཁབ་ཀྱི་ སློབ་གྲྭ་༣༨ དེ་ཅིག་ནང་ ལགཔ་ཆུ་འཁྱུ་ནིའི་ མཐུན་རྐྱེན་མེདཔ་ལས་ ལྷན་ཁག་གིས་ སློབ་གྲྭ་དེ་ཚུ་ནང་ མཐུན་རྐྱེན་ཚུ་ ཟླཝ་འདི་ནང་ར་ བཙུགས་ཚུགསཔ་འབད་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *