འབྲུག་ལུ་ འཛམ་གླིང་ལགཔ་འཁྱུ་ནིའི་ཉིནམ་བརྩི་སྲུང་དང་འབྲེལ་ ལགཔ་ཆུ་འཁྱུ་ཐངས་ གསལ་སྟོན་འབད་ནུག།

སློབ་གྲྭ་ཚུ་ནང་ ལགཔ་འཁྱུ་ནིའི་ས་ཁོངས་ བརྒྱ་ཆ་༧༧ ཡར་སེང་།

འཛམ་གླིང་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོན་ཞིནམ་ལས་ཚུར་ རྒྱལ་ཁབ་ཀྱི་ སློབ་གྲྭ་ཚུ་ནང་ ལགཔ་ཆུ་འཁྱུ་སའི་ ས་ཁོངས་དང་ ཆུ་ཏོག་བརྒྱ་ཆ་༧༧ ཡར་སེང་སོང་ཡོདཔ་ཨིན་པས།

ཤེས་རིག་ལྷན་ཁག་གི་ གནས་སྡུད་དང་འཁྲིལཝ་ད་ ནད་ཡམས་ཀྱི་ཧེ་མར་ སྤྱི་ལོ་༢༠༢༠ སྔ་ཆ་ཚུན་ སློབ་གྲྭ་ཚུ་ནང་ ལགཔ་འཁྱུ་ནིའི་ཆུ་ཏོག་༩,༦༥༤ ཡོད་མི་ལས་ ད་རེས་༡༧,༠༧༡ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ ལགཔ་ཆུ་འཁྱུ་ནིའི་ མཐུན་རྐྱེན་དེ་ ཨ་ལོ་༡༧ ལུ་ ཆུ་ཏོག་རེ་ཡོད་མི་དེ་ ད་རེས་ ཨ་ལོ་༩ ལུ་ ཆུ་ཏོག་རེ་ཡོདཔ་ཨིན་པས།

ཁྲོམ་སྡེ་༤ མ་བརྩིས་བར་ རྫོང་ཁག་གི་གནས་ཚད་ནང་ ཧེ་མ་འབད་བ་ཅིན་ ཨ་ལོ་༡༩ ལུ་ ཆུ་ཏོག་རེ་ཡོད་ས་ལས་ ད་རེས་ ཨ་ལོ་༩ རེ་ལུ་ ཆུ་ཏོག་རེ་ལུ་ ཡར་སེང་སོང་མི་དེ་ གཉིས་ལྟབ་ཨིན་པས།

ལུང་ཕྱོགས་ཚུ་གི་གྲས་ལས་ དབུས་ཕྱོགས་ཀྱི་ སློབ་གྲྭ་ཚུ་ནང་ ལགཔ་འཁྱུ་སའི་ ས་ཁོངས་ཚུ་ བརྒྱ་ཆ་༩༢ ཀྱིས་ ཡར་སེང་སོང་མི་དེ་ མཐོ་ཤོས་ཨིནམ་ད་ ཧེ་མ་འབད་བ་ཅིན་ ས་ཁོངས་༡,༨༢༣ འབད་མི་ལས་༣,༥༠༥ ལུ་ ཡར་སེང་སོང་ནུག།

དབུས་ཕྱོགས་ས་ཁོངས་ཟེར་བའི་སྐབས་ བུམ་ཐང་དང་ དགེ་ལེགས་ཕུག་ཁྲོམ་ ཀྲོང་གསར་ རྩི་རང་ དར་དཀར་ནང་ གཞལམ་སྒང་ གསར་སྤང་ དེ་ལས་ དབང་འདུས་ཕོ་བྲང་ཚུ་ཚུདཔ་ཨིན་པས།

ཨིན་རུང་ ཤར་ཕྱོགས་ལུང་ཕྱོགས་ནང་ ཡར་སེང་བརྒྱ་ཆ་༧༡ ལས་བརྒལ་མེད་མི་དེ་ དམའ་ཤོས་ཅིག་ཨིནམ་ད་ ཧེ་མ་འབད་བ་ཅིན་ ས་ཁོངས་༣,༢༣༩ ལས་ ད་རེས་༥,༥༢༩ ལུ་ ཡར་སེང་སོང་ནུག།

དེ་བཟུམ་སྦེ་ སློབ་ཕྲུག་གི་ གྱངས་ཁ་དང་ ས་ཁོངས་ཀྱི་ གྱངས་ཁ་༢ དཔྱ་བགོ་རྐྱབ་པ་ཅིན་ ཨ་ལོ་༡༤ རེ་ལུ་ ས་ཁོངས་རེ་ཡོདཔ་ཨིན་པས།

ཤར་ཕྱོགས་ལུང་ཕྱོགས་ནང་ བསམ་གྲུབ་ལྗོངས་མཁར་ཁྲོམ་དང་ ལྷུན་རྩེ་ མོང་སྒར་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་ བཀྲིས་གཡང་རྩེ་ དེ་ལས་ བཀྲིས་སྒང་ཚུ་ ཚུདཔ་ཨིན་པས།

ལྷོ་ཕྱོགས་ལུང་ཕྱོགས་ཀྱི་ སློབ་གྲྭ་ཚུ་ནང་ ཧེ་མ་ ལགཔ་འཁྱུ་སའི་ས་ཁོངས་༤,༥༩༢ ལས་ ད་རེས་༨,༠༣༧ ལུ་ ཡར་སེང་སོང་མི་དེ་ བརྒྱ་ཆ་༧༥ ཨིན་པས།

དེ་བཟུམ་སྦེ་ ཨ་ལོ་༡༩ ལུ་ ལགཔ་འཁྱུ་སའི་ ཆུ་ཏོག་རེ་ཡོད་མི་དེ་ ད་རེས་ ཨ་ལོ་༡༠ རེ་ལུ་ ཆུ་ཏོག་རེ་ཡོདཔ་ད་ ལུང་ཕྱོགས་ནང་ ཕུན་ཚོགས་གླིང་ཁྲོམ་དང་ ཐིམ་ཕུག་ཁྲོམ་ ཆུ་ཁ་ མགར་ས་ སྤ་རོ་ སྤུ་ན་ཁ་ ཧཱ་ ཐིམ་ཕུག་ དེ་ལས་ བསམ་རྩེ་ཚུ་ ཚུདཔ་ཨིན་པ།

གནས་སྡུད་ནང་ ལགཔ་ཆུ་འཁྱུ་ནིའི་དོན་ལུ་ གསང་སྤྱོད་ཚུ་ནང་ཡོད་མི་དང་ གྱིབ་ཀྱི་ཟོམ་ཚུ་གུ་ལས་ ཆུ་ཏོཁག་ལེ་ཤ་སྦེ་ བཟོ་བཀོད་འབད་མི་ཚུ་ཡང་ ཚུདཔ་ཨིན་པས།

རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལ་ ཆུ་ཏོག་ག་རའི་ནང་ ཆུ་མ་ཆད་པར་ ཡོད་པའི་ཁར་ ལག་ལེན་ཐོག་ལུ་ཡོདཔ་ཨིན་པས།

ལགཔ་ཆུ་འཁྱུ་སའི་ ས་ཁོངས་གཞི་བཙུགས་འབད་མི་ཚུ་ཡང་ གཞུང་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ལཱ་རྩ་འགེངས་ཏེ་འབད་བའི་ གྲུབ་འབྲས་ཨིནམ་ད་ གཞུང་གིས་ སློབ་གྲྭ་ཚུ་ ལོག་སྒོ་ཕྱེ་བའི་སྐབས་ ཚང་དགོ་པའི་ ཁྱད་ཆོས་ཅིག་ཡང་ཨིན་པས།

དགོན་སྡེ་ཚུ་ནང་འབད་བ་ཅིན་ ལགཔ་ཆུ་འཁྱུ་ནིའི་དོན་ལུ་ ཆུ་ཏོག་བརྒྱ་ཆ་༩༧ ཡོདཔ་ད་ གཞན་ཚུ་གྱིབ་དོབ་དང་ ཆུའི་ཧོད་ དེ་ལས་ ཆུ་མཛོད་སིན་ཊེགསི་གུ་བཙུགས་མི་ཚུ་ཨིནམ་སྦེ་ སྤྱི་ལོ་༢༠༡༩ འི་ དགེ་འདུན་གྲྭ་ཚང་དང་ ཨ་ནེམོ་གྲྭ་ཚང་ཚུ་ནང་ ཆུ་འཁྱུ་སའི་ མཐུན་རྐྱེན་ཞིབ་འཚོལ་ནང་བཀོད་ནུག།

འཛམ་གླིང་ལགཔ་འཁྱུ་ནིའི་ཉིནམ་འདི་ ལོ་ཨ་རྟག་ར་ སྤྱི་ཟླ་༡༠ པའི་ཚེས་༡༥ ལུ་ བརྩི་སྲུང་འབད་དོ་ཡོདཔ་ད་ དུས་ཅི་ཉིནམ་བརྩི་སྲུང་གི་ བརྗོད་དོན་དེ་ཡང་ ག་ར་ལུ་ ལག་པའི་གཙང་སྦྲ་ཟེར་མི་ལུ་ གཞི་བཞག་ནུག།

དེ་གིས་ ཀོ་བིཌ་-༡༩ གྱི་སྐབས་ ནད་འབུབ་ཁྱབ་སྤེལ་བཀག་ནིའི་ ཐབས་ལམ་གཙོ་བོ་ཅིག་ཨིནམ་ལས་ གནས་སྟངས་དང་འཁྲིལ་བའི་ ཕན་ཁྱད་ཡང་ སྦོམ་སྦེ་ར་ འབྱུང་ནི་ཨིན་པས།

ལས་རིམ་དེ་ལུ་ མཉམ་འབྲེལ་འབད་མི་ ལས་སྡེ་ཚུ་ཡང་ ཤེས་རིག་དང་ གསོ་བ་ལྷན་ཁག་ གཞུང་གྲྭ་ཚང་ ཨེསི་ཨེན་བི་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་ཤེས་ཡོན་མ་དངུལ་༼ཡུ་ནི་སེཕ༽ ཚུ་ཨིན་པས།

གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་གིས་ སེམས་ཀྱི་གཞི་བདེ་དེ་ གཟུགས་ཁམས་སྒྲིང་ཧིང་དང་ འཁྲིལ་དགོཔ་ལས་ རང་གི་གཟུགས་ བདག་འཛིན་འཐབ་ནི་དེ་ གལ་ཆེ་ཟེར་གསུངས་ནུག།

ལས་ཚོགས་སློབ་དཔོན་གྱིས་འབད་བ་ཅིན་ སངས་རྒྱས་ཀྱིས་ཡང་ གཟུགས་འདི་ རང་གི་མི་ཚེ་ནང་ ཁག་ཆེ་ཤོས་ཅིག་ འབད་ནི་དེ་གིས་ འཕྲོད་བསྟེན་ཐོག་ལུ་ བཞག་དགོཔ་དེ་ ཁག་ཆེཝ་ལས་ ལགཔ་ཚུ་ ཉིནམ་འདི་ཁར་རྐྱངམ་གཅིག་མེན་པར་ དུས་ཨ་རྟག་ར་ ཆུ་འཁྱུ་དགོ་ཟེར་ཨིན་པས།

ཤེས་རིག་བློན་པོ་ ཇེ་བི་རའེ་གིས་ སློབ་གྲྭ་ཚུ་ནང་ ལགཔ་འཁྱུ་སའི་ས་ཁོངས་ གྱངས་ཁ་ཡར་སེང་ཐོག་ གཞི་བཙུགས་འབད་མི་དེ་ ཤེས་རིག་བཟའ་ཚང་གིས་ ཨ་ལོ་ཚུ་གི་ ཉེན་སྲུང་དོན་ལུ་ ཐབས་ལམ་བཏོན་པའི་ རྟགས་མཚན་ཨིན་ཟེར་ བཤདཔ་ཨིན་པས།

གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ཡང་ ད་རེས་ སློབ་གྲྭ་ཚུ་ནང་ ལགཔ་འཁྱུ་སའི་ས་ཁོངས་ ཡར་སེང་འབད་མི་དེ་ ཤེས་རིག་ལྷན་ཁག་དང་ མཉམ་འབྲེལ་ལས་སྡེ་ཚུ་གི་ ལཱ་གི་གྲུབ་འབྲས་ཨིནམ་ལས་ དཔའ་ཉམས་བསྐྱེད་ཚུགས་པའི་ ཉམས་སྣང་ཅིག་ཡང་ཨིན་ཟེར་ བཤད་ནུག།

ཨེསི་ཨེན་བི་གི་ གནས་བཞུགས་མདོ་ཆེན་ དཀོན་མཆོག་དབང་འདུས་ཀྱིས་ ལས་རིམ་དེ་ཡང་ ནད་ཡམས་ལུ་ ཐད་ཀར་ངོས་ལེན་དང་ གཞི་རྟེན་མཁོ་ཆས་དང་ ཞབས་ཏོག་ཚུ་ བསྐྱར་བཟོ་འབད་ནི་ དེ་ལས་ ལགཔ་གི་འཕྲོད་བསྟེན་ལུ་ ལོག་དྲན་གསལ་འབད་ནི་ཚུ་བརྩིས་ཏེ་ རིམ་པ་༣ གུ་ གཞི་བཞག་ཐོག་ལས་ འགོ་འདྲེན་འཐབ་སྟེ་ཡོད་ཟེར་ཨིན་པས།

ཡུ་ནི་སེཕ་གི་ གནས་བཞུགས་སྐུ་ཚབ་ ཌོག་ཊར་ཝིལ་ པཱགསི་གིས་ སློབ་གྲྭ་ཚུ་ནང་ ལགཔ་འཁྱུ་སའི་ས་ཁོངས་ ཡར་སེང་འབད་མི་དེ་ གཞུང་གིས་ ཨ་ལོ་ཚུ་གི་ ཉེན་སྲུང་ལུ་ གཙོ་རིམ་བྱིན་པའི་ རྟགས་མཚན་ཨིན་པས་ཟེར་ བཤད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *