སློབ་གྲྭ་ཚུ་ནང་ མཐུན་རྐྱེན་ལངམ་སྦེ་ མེད་མི་དེ་གིས་ ཤེས་རིག་གི་སྤུས་ཚད་ལུ་ ཐོ་ཕོག་དོ་ཡོདཔ།

༉ སློབ་གྲྭ་ཚུ་ནང་ དུས་མཐུན་གྱི་ མཐུན་རྐྱེན་ཚུ་ལངམ་སྦེ་ མེད་མི་ལུ་བརྟེན་ ཤེས་རིག་གི་སྤུས་ཚད་དང་ སློབ་ཕྲུག་ཚུ་གི་ ལག་ལེན་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས།
དེ་ཡང་ ཡུ་ཨེསི་ཨེ་གི་ ཊེན་ནེསི་སི་ལུ་ ཞིབ་འཇུག་འབད་མི་དང་འཁྲིལཝ་ད་ སློབ་གྲྭ་ཚུ་ནང་ མཐུན་རྐྱེན་ལངམ་སྦེ་མེད་མི་དང་ སློབ་ཕྲུག་ཚུ་གི་ ལག་ལེན་དང་ བྱ་སྤྱོད་ཚུ་གི་བར་ན་ འབྲེལ་བ་མེདཔ་སྦེ་ མཐོང་གསལ་བྱུང་ཡོདཔ་ད་ སློབ་གྲྭའི་གཞི་རྟེན་མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་ནི་དེ་ ཡིག་ཚང་བཟོ་སྐྲུན་འབད་མི་ཚུ་དང་ ཐ་དད་ཨིན་མི་དེ་ཡང་ གཞི་རྟེན་མཐུན་རྐྱེན་དེ་ ལག་ལེན་འཐབ་བཏུབ་ དགོ་པའི་ཁར་ སློབ་ཕྲུག་ཚུ་ལུ་ བཅུད་དོན་ཡོདཔ་སྦེ་ བཏོན་དགོ་ཟེར་ཨིན་པས།
དེ་མ་ཚད་ འཕྲལ་ཁམས་ཅིག་ཁར་ ཤེས་རིག་ལྷན་ཁག་གིས་ ཤེས་རིག་གནས་སྡུད་ནང་ འཐུང་ཆུ་དང་གཙང་སྦྲ་འཕྲོད་བསྟེན་ ཚན་རིག་བརྟག་དཔྱད་ཁང་ འཁོར་ལམ་ དེ་ལས་ ཡོངས་འབྲེལ་གྱི་མཐུད་སྦྲེལ་དང་ གློག་མེ་ལ་སོགས་པའི་ མཐུན་རྐྱེན་ཚུ་ལུ་ཡང་ བརྟག་ཞིབ་འབད་ཡོདཔ་ཨིན་པས།
སློབ་གྲྭ་ཚུ་ནང་ འཐུང་ཆུ་དང་ གཙང་སྦྲ་འཕྲོད་བསྟེན་ཡོད་པ་ཅིན་ སློབ་ཕྲུག་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་དང་ ཤེས་རིག་གི་ གྲུབ་འབྲས་ཚུ་ ངེས་བརྟན་འཐོན་འོང་ཟེར་ ཤེས་རིག་གནས་སྡུད་ནང་ བཀོག་ནུག།
གནས་སྡུད་ནང་ བཀོད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༨ ལུ་ རྒྱ་སྐྱེད་སློབ་སྟོན་ཁང་བརྩིས་ཏེ་ རྒྱལ་ཁབ་ནང་ སློབ་གྲྭ་བརྒྱ་ཆ་༨༧ དེ་ཅིག་གིས་ ཆུ་དུང་འཐུང་ཆུ་བཀྲམ་སྤེལ་དང་ ཉེན་སྲུང་ལྡན་པའི་ཆུ་རྐ་ཚུ་ ཐོབ་ཡོད་རུང་ སློབ་གྲྭ་བརྒྱ་ཆ་༧.༤ དེ་ཅིག་གིས་ ཉེན་སྲུང་མེད་པའི་ཆུ་རྐ་དང་ སློབ་གྲྭ་བརྒྱ་ཆ་༥.༦ དེ་ཅིག་ནང་ ལེགས་བཅོས་འབད་བའི་ ཆུ་རྐ་མིན་འདུག་ཟེར་ཨིན་པས།
སློབ་གྲྭ་མང་ཤོས་ཅིག་ནང་ འཐུང་ཆུ་ལངམ་སྦེ་མེད་པའི་ དཀའ་ངལ་ཡོདཔ་ད་ རྒྱ་སྐྱེད་སློབ་སྟོན་ཁང་ བརྒྱ་ཆ་༤༦ དེ་ཅིག་དང་ གཞི་རིམ་སློབ་གྲྭ་དང་ འབྲིང་རིམ་སློབ་གྲྭ་འོག་མ་ བརྒྱ་ཆ་༦༩ དེ་ཅིག་ དེ་ལས་ འབྲིང་རིམ་སློབ་གྲྭ་གོང་མ་ བརྒྱ་ཆ་༧༧ དེ་ཅིག་ལུ་ བདུན་ཕྲག་༡ ནང་ ཉིནམ་༥ དང་༧ དེ་ཅིག་ འཐུང་ཆུ་བཀྲམ་སྤེལ་འབད་དོ་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
གཙང་སྦྲ་འཕྲོད་བསྟེན་གྱི་ཐད་ཁར་ ཤེས་རིག་གནས་སྡུད་དང་འཁྲིལཝ་ད་ སློབ་གྲྭ་བརྒྱ་ཆ་༣༦ དེ་ཅིག་ནང་ གསང་སྤྱོད་འཁྱུ་ནིའི་ ཆུ་ལངམ་མེད་པའི་ མཐོང་གསལ་བྱུང་ཡོདཔ་ད་ རྒྱལ་ཁབ་ཀྱི་ སློབ་གྲྭ་ག་རའི་ནང་ གསང་སྤྱོད་ཀྱི་ མཐུན་རྐྱེན་ཚུ་ཡོད་རུང་ སློབ་གྲྭ་བརྒྱ་ཆ་༨༠.༥ དེ་ཅིག་ནང་ ཚུལ་མཐུན་གྱི་ གཙང་སྦྲ་རྐྱངམ་གཅིག་ ཡོདཔ་ཨིན་པས།
སློབ་གྲྭ་བརྒྱ་ཆ་༡༡.༥ དེ་ཅིག་ནང་ ས་དོང་གི་གསང་སྤྱོད་ཚུ་ ལག་ལེན་འཐབ་དོ་ཡོདཔ་བཞིན་དུ་ ས་དོང་གསང་སྤྱོད་མང་ཤོས་ར་ རྒྱ་སྐྱེད་སློབ་སྟོན་ཁང་དང་ གཞི་རིམ་སློབ་གྲྭ་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཚན་རིག་བརྟག་དཔྱད་ཁང་དེ་ གཞི་རྟེན་མཐུན་རྐྱེན་ཉུང་ཤོས་ཡོད་མི་ཅིག་ ཨིནམ་བཞིན་དུ་ སློབ་གྲྭ་ལ་ལོ་ཅིག་ནང་ མཐུན་རྐྱེན་དེ་ མེད་དོ་ཡོདཔ་ད་ སློབ་རིམ་༧ པ་དང་༨ པའི་དོན་ལུ་ སྤྱིར་བཏང་ཚན་རིག་བརྟག་དཔྱད་ཁང་དགོཔ་བཞིན་དུ་ སློབ་རིམ་༩ པ་ཡན་ཆད་ལུ་ དངོས་ཁམས་རིག་པ་དང་ རྫས་ཁམས་རིག་པ་ དེ་ལས་ སྐྱེ་ལྡན་རིག་པ་ཚུ་གི་དོན་ལུ་ ཚན་རིག་བརྟག་དཔྱད་ཁང་ལོགས་སུ་སྦེ་ དགོ་པའི་ཁར་ སློབ་རིམ་༧ པ་ཡན་ཆད་ལུ་ གློག་རིག་ཀམ་པུས་ཊར་གྱི་ ཚན་རིག་བརྟད་དཔྱག་ཁང་ཡང་ དགོ་ཟེར་ཨིན་པས།
མི་མང་གཞི་རིམ་སློབ་གྲྭ་༣༠༨ ཡོད་མིའི་གྲས་ལས་ སློབ་གྲྭ་༦༤ རྐྱངམ་གཅིག་ལུ་ སྤྱིར་བཏང་ཚན་རིག་བརྟག་དཔྱད་ཁང་ཡོདཔ་བཞིན་དུ་ སྒེར་སྡེའི་གཞི་རིམ་སློབ་གྲྭ་དང་ འབྲིང་རིམ་སློབ་གྲྭ་ཚུ་ནང་ ཚན་རིག་བརྟག་དཔྱད་ཁང་མེདཔ་ཨིན་པས།
མི་མང་སློབ་གྲྭ་༢༠༥ དེ་ཅིག་དང་ སྒེར་སྡེའི་སློབ་གྲྭ་༢༨ ནང་ ཀམ་པུས་ཊར་ཡོདཔ་བཞིན་དུ་ མི་མང་གཞི་རིམ་སློབ་གྲྭ་༣༠༨ ཀྱི་གྲས་ལས་ སློབ་གྲྭ་༤༦ རྐྱངམ་གཅིག་ནང་ ཀམ་པུས་ཊར་ཡོདཔ་ད་ དེ་ཡང་ ཤེས་རིག་གནས་སྡུད་དང་འཁྲིལཝ་ད་ སློབ་གྲྭ་དེ་ཚུ་ མཐའ་ཟུར་གྱི་ ས་གནས་ནང་ ཆགས་ཡོད་པའི་ཁར་ ལ་ལོ་ཅིག་ནང་ གློག་མེའི་མཐུན་རྐྱེན་མེད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ཚུན་གྱི་ ཚོད་རྩིས་ལས་འབད་བ་ཅིན་ སློབ་ཕྲུག་༢༣ གྱི་དོན་ལུ་ ཀམ་པུས་ཊར་༡ དང་ ཡོངས་འབྲེལ་ཨིན་ཊར་ནེཌ་གི་ཐད་ཁར་ སྒེར་སྡེའི་སློབ་གྲྭ་བརྒྱ་ཆ་༩༤ དེ་ཅིག་དང་ མི་མང་སློབ་གྲྭ་བརྒྱ་ཆ་༥༡ ནང་ ཡོངས་འབྲེལ་མཐུད་སྦྲེལ་འབད་ཡོདཔ་བཞིན་དུ་ གློག་མེ་ བརྒྱུད་འབྲེལམཐུན་རྐྱེན་དང་ འཁོར་ལམ་མཐུད་སྦྲེལ་ཚུ་ཡང་ དོན་སྨིན་ཅན་གྱི་ འཛིན་སྐྱོང་དང་ བརྒྱུད་འབྲེལ་གྱི་དོན་ལས་ ཁག་ཆེ་ཤོས་ཅིག་སྦེ་ བརྩི་འཇོག་འབདཝ་ ཨིན་ཟེར་ཨིན་པས།
སློབ་གྲྭ་བརྒྱ་ཆ་༨༨ དེ་ཅིག་ནང་ གློག་མེ་མཐུད་སྦྲེལ་འབད་ཡོདཔ་བཞིན་དུ་ འབྲིང་རིམ་སློབ་གྲྭ་གོང་མ་དང་ འབྲིང་རིམ་སློབ་གྲྭ་བར་མ་ག་རའི་ནང་ གློག་མེ་མཐུད་སྦྲེལ་འབད་ཡོད་རུང་ གཞི་རིམ་སློབ་གྲྭ་བརྒྱ་ཆ་༡༢ དེ་ནང་ ད་ལྟོ་ཡང་ གློག་མེ་མཐུད་སྦྲེལ་མེདཔ་ད་ མགར་ས་དང་ བསམ་རྩེ་ ཧཱ་ ཆུ་ཁ་ དེ་ལས་ གཞལམ་སྒང་དང་ ཀྲོང་གསར་ཚུ་ནང་གི་ སློབ་གྲྭ་དག་པ་ཅིག་མ་གཏོགས་ རྒྱ་སྐྱེད་སློབ་སྟོན་ཁང་བརྩིས་ཏེ་ སློབ་གྲྭ་བརྒྱ་ཆ་༨༠ དེ་ཅིག་ འཁོར་ལམ་གྱི་ མཐུད་སྦྲེལ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ གྱི་ འབྲུག་འཚོ་བའི་གནས་ཚད་ཞིབ་འཇུག་དང་འཁྲིལཝ་ད་ ཤེས་རིག་གི་ གནས་རིམ་དང་འཁྲིལ་ སློབ་ཕྲུག་རེ་ལུ་ ཤེས་རིག་གི་ ཟད་འགྲོ་ཡར་འཕར་འགྱོ་དོ་ཡོད་མི་དེ་ཡང་ ཚོད་རྩིས་ལས་འབད་བ་ཅིན་ གཞི་རིམ་གྱི་ གནས་རིམ་ནང་ ཟད་འགྲོ་དངུལ་ཀྲམ་༥,༢༥༩ འབྲིང་རིམ་འོག་མའི་གནས་རིམ་ནང་ དངུལ་ཀྲམ་༤,༨༨༥ དེ་ལས་ འབྲིང་རིམ་བར་མའི་ གནས་རིམ་ནང་ དངུལ་ཀྲམ་༥,༧༠༨ དང་ འབྲིང་རིམ་གོང་མའི་ གནས་རིམ་ནང་ དངུལ་ཀྲམ་༢༣,༨༧༩ ཟད་འགྲོ་བཏང་དོ་ཡོདཔ་ཨིན་པས།
ཤེས་རིག་གི་ གནས་རིམ་ག་རའི་ནང་ གྲོང་གསེབ་དང་ ཁྲོམ་གྱི་ས་ཁོངས་ཀྱི་བར་ན་ ཤེས་རིག་གི་ ཟད་འགྲོ་ལུ་ ཁྱད་པར་ཡོདཔ་ད་ གཞི་རིམ་གྱི་ གནས་རིམ་ནང་ ཁྲོམ་ཁའི་ས་ཁོངས་ཀྱི་ སློབ་ཕྲུག་རེ་ལུ་ ཟད་འགྲོ་བཏང་མི་ལས་ གཉིས་ལྟབ་ཀྱིས་ གྲོང་གསེབ་ཀྱི་ སློབ་ཕྲུག་ཚུ་ལུ་ ཟད་འགྲོ་བཏང་དོ་ཡོད་རུང་ འབྲིང་རིམ་སློབ་གྲྭ་འོག་མའི་ཐད་ཁར་ ཟད་འགྲོའི་ཁྱད་པར་ ཉུང་ཤོས་ཡོད་མི་དེ་ཡང་ ཁྲོམ་ལས་ བརྒྱ་ཆ་༣༤ དེ་ཅིག་གིས་ གྲོང་གསེབ་ས་ཁོངས་ཚུ་ནང་ མཐོ་ཤོས་བྱིན་དོ་ཡོད་པའི་གནས་ཚུལ།

ཚེ་རིང་རྡོ་རྗེ་དང་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ནད་གཞི་ཀེན་སར་འཛིན་སྐྱོང་གི་ ཐབས་ལམ་གཅིག་མཚུངས་ བཟོ་དགོ་པའི་ཞུ་བསྐུལ།

༉ འབྲུག་རྒྱལ་ཁབ་ནང་ ནད་གཞི་ཀེན་སར་ཚུ་གི་གྲས་ལས་ ཕོཝ་གི་ཀེན་སར་དེ་ ཁྱབ་ཆེ་དྲགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཀེན་སར་ཚོགས་སྡེ་གིས་ བཀོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ཤར་ལྷོ་ཨེ་ཤི་ཡ་ སཱག་ལུང་ཕྱོགས་ཀྱི་ རྒྱལ་སྤྱི་ཀེན་སེར་ཞལ་འཛོམས་ …

Leave a Reply

Your email address will not be published. Required fields are marked *