སློབ་གྲྭ་ཁག་དང་ སོ་ནམ་ཐོན་སྐྱེད་བཀྲམ་སྤེལ་བ་ཚུ་གི་བར་ན་ གན་ཡིག་གུ་ མིང་རྟགས་བཀོད་པའི་བསྒང་།

སློབ་གྲྭ་ཁག་དང་ སོ་ནམ་ཐོན་སྐྱེད་བཀྲམ་སྤེལ་བ་ཚུ་གི་བར་ན་ གན་ཡིག་བཟོ་དོ་ཡོདཔ།

༉ མོང་སྒར་རྫོང་ཁག་གི་ སློབ་གྲྭ་ཁག་དང་ བཀྲམ་སྤེལ་བ་ཚུ་གི་བར་ན་ བཟའ་འཐུང་གོང་ཚད་སྒྲིག་ཆའི་ཐོག་གི་ གན་ཡིག་དེ་ སྤྱི་ཟླ་༢ པའི་ཚེས་༡༡ ལུ་ སྔ་ཚང་རྒེད་འོག་གི་ སོ་ནམ་སྡེ་ཚན་ཚུ་དང་ ཡ་ལྡི་སློབ་གྲྭ་ལྟེ་བ་དང་གཅིག་ཁར་ བཟོ་ཞིནམ་ལས་ མཇུག་བསྡུ་ཡོདཔ་ཨིན་པས།
གན་ཡིག་དེ་ཡང་ ཡ་ལྡི་སློབ་གྲྭ་ལྟེ་བ་དང་ རྒེད་འོག་གི་སོ་ནམ་པ་སྡེ་ཚན་༤ དང་གཅིག་ཁར་ ནང་འཁོད་ཀྱི་ཚོད་བསྲེ་སྐམ་གྱི་རིགས་ དག་པ་ཅིག་བརྩིས་ཏེ་ ཚོད་བསྲེའི་རིགས་༣༡ དང་ ཤིང་འབྲས་ཀྱི་རིགས་༡༠ དེ་ལས་ འབྲུ་སྣའི་རིགས་༦ ལོ་གཅིག་གི་རིང་ བཀྲམ་སྤེལ་འབད་ནིའི་ ཁས་བླངས་ཐོག་ལས་ སོ་ནམ་སྡེ་ཚན་ཚུ་དང་ སློབ་གྲྭའི་བར་ན་ གན་ཡིག་ཅིག་གུ་ མིང་རྟགས་བཀོད་ཅི།
མིང་རྟགས་བཀོད་ནིའི་དོན་ལུ་ ཉིནམ་༡ འགོར་མི་དེ་ཡང་ གོང་ཚད་བདེ་སྒྲིག་འབད་དགོ་ནི་དེ་གིས་ ཁེན་འཆམ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
མ་གཞི་ སྔ་ཚང་རྒེད་འོག་ནང་འབད་བ་ཅིན་ རྒེད་འོག་བདག་སྐྱོང་དང་ སོ་ནམ་རྒྱ་སྐྱེད་ཡིག་ཚང་གིས་ འགོ་འདྲེན་ཐོག་ལས་ སློབ་གྲྭ་དང་ སོ་ནམ་པ་ཚུའི་བར་ན་ ཧེ་མ་ལས་ གོང་ཚད་ཅིག་བཟོ་སྟེ་ སོ་ནམ་དང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ བཀྲམ་སྤེལ་འབད་བཞིན་དུ་ཡོད་རུང་ ད་རེས་ གན་ཡིག་གུ་ མིང་རྟགས་བཀོད་ནིའི་དོན་ལུ་ གོང་ཚད་ཡར་སེང་གི་ རེ་བ་བསྐྱེད་མི་ལུ་ སློབ་གྲྭའི་བདག་སྐྱོང་ལས་ ངོས་ལེན་མ་འབད་མི་ལུ་བརྟེན་ སྒྲིག་མ་ཚུགས་པར་ ལཱ་ཁག་རྐྱབ་ཡོདཔ་ཨིན་པས།
སློབ་གྲྭའི་ཁ་ཐུག་ལས་འབད་བ་ཅིན་ གོང་ཚད་མཐོ་དྲགས་པ་ཅིན་ སློབ་གྲྭ་གིས་ ཉོ་མི་ཚུགས་ནི་ཨིནམ་ལས་ མ་དངུལ་ལུ་བརྟེན་ ལྷམ་པ་མང་སུ་དང་ ལེ་ཤ་སྦེ་ བྱིན་མི་ཚུགས་ཟེར་ བཤདཔ་ཨིན་པས།
དེ་ལས་ མི་སེར་སོ་ནམ་པ་ཚུ་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་གི་འཐུས་ ཡར་སེང་འབད་མི་དང་ ཁྲོམ་གྱི་གོང་ཚད་ལས་ དུམ་གྲ་ཅིག་ ཉུང་སུ་དགོ་པའི་སྐོར་ལས་ སླབ་པའི་བར་ན་ སློབ་གྲྭ་གིས་བཟོ་མི་གོང་ཚད་གུ་ ཧེ་མ་ལས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢ དང་༡༥ འི་བར་ན་ ཡར་སེང་འབད་དེ་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།
སོ་ནམ་པ་ལ་ལོ་ཅིག་ བསམ་པ་མ་རྫོགས་ནི་དེ་གིས་ སློབ་གྲྭ་དང་ ས་གནས་གཞན་གྱི་གོང་ཚད་ཚུ་ བལྟ་དགོ་པའི་སྐོར་ལས་ཡང་ སླབ་ཡོད་རུང་ ལས་རིམ་འགོ་འདྲེན་འཐབ་མི་ མོང་སྒར་ལུང་ཕྱོགས་ཀྱི་ སོ་ནམ་མཉམ་ལས་ཚོགས་སྡེའི་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ བར་འབྲེལ་མ་འབད་བར་ མོས་མཐུན་ཐོག་ བཟོ་བཅུག་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ འདས་པའི་ཉམས་མྱོང་དང་འཁྲིལ་ཏེ་ གོང་ཚད་མར་ཕབ་འབད་བཅུག་མི་དེ་ འཐུས་ཡར་སེང་འབད་རུང་ ཚོད་བསྲེའི་རིགས་དང་ གཞན་བཞེས་སྒོ་བཅུད་ཅན་གྱི་རིགས་ཚུ་ བཀྲམ་སྤེལ་འབད་མི་ཚུགསཔ་འོང་མནོ་སྟེ་ ཨིན་ཟེར་ཨིན་པས།
སོ་ནམ་པ་ལ་ལོ་ཅིག་གིས་ སླབ་མིའི་ནང་ གོང་ཚད་དེ་ སློབ་གྲྭ་གིས་ ག་སླབ་མ་བྱིན་པ་ཅིན་ མི་ལེན་ཟེར་ སླབ་ནི་དེ་གིས་ ཐབས་མེད་པར་ ཁ་བཟེད་དགོཔ་ཐོན་ཡི་ཟེར་ཨིན་པས།
སོ་ནམ་པའི་ སྡེ་ཚན་ཚུ་གིས་ སློབ་གྲྭའི་མཁོ་འདོད་དང་འཁྲིལ་ བདུན་རིམ་བཞིན་དུ་ སྐོར་རྒྱབ་སྦེ་ ཐོན་སྐྱེད་ཚུ་ བཀྲམ་སྤེལ་འབད་ནི་ཨིནམ་ད་ རིན་གོང་ཡོངས་བསྡོམས་དེ་ སྡེ་ཚན་གྱི་རྩིས་ཁྲ་ནང་ ཟླ་མཇུག་ལུ་ སློབ་གྲྭ་གིས་ བཙུགས་བྱིན་ནི་ཨིན་པས།
ལས་རིམ་དེ་ཡང་ སློབ་གྲྭའི་བཟའ་འཐུང་གི་ ལས་རིམ་འོག་ལུ་ གཞུང་གིས་ མི་སེར་སོ་ནམ་པ་ཚུ་ལུ་ ནང་འཁོད་ཐོན་སྐྱེད་ཚུ་ འཇམ་ཏོང་ཏོ་སྦེ་བཙོང་སྟེ་ འོང་འབབ་བཟོ་ནི་དང་ ཕྱི་ཁར་ལས་ ནང་འདྲེན་མར་ཕབ་འབད་ནི་ དེ་ལས་ སློབ་ཕྲུག་ཚུ་ལུ་ བཞེས་སྒོ་བཅུད་ལྡན་ཚུ་ བྱིན་ནི་ལུ་དམིགས་ཏེ་ཨིན་པས།
དེ་དང་གཅིག་ཁར་ སློབ་གྲྭ་དང་ འབྲུག་ཟ་སྤྱོད་ལས་འཛིན་གྱི་བར་ན་ཡང་ སོ་ནམ་སྡེ་ཚན་གྱིས་ བཀྲམ་སྤེལ་འབད་མ་ཚུགས་མི་ ཤའི་རིགས་དང་ སོ་ནམ་པ་ལུ་ ལྷན་ཐབས་འབད་དེ་ སྒོང་རྡོག་ཚུ་ཡང་ བཀྲམ་སྤེལ་འབད་ནིའི་ ཆིངས་ཡིག་གུ་ མིང་རྟགས་བཀོད་ཅི།
འབྲུག་ཟ་སྤྱོད་ལས་འཛིན་འོག་གི་ སློབ་གྲྭའི་ཟ་སྤྱོད་ལས་རིམ་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ ཨའི་ནེཤི་སུ་བྷ་གིས་ བཤད་མིའི་ནང་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་ འགོ་འདྲེན་ཐོག་ལས་ འབྲུག་སྒོ་ནོར་ཐོན་སྐྱེད་གོང་འཕེལ་དང་ སོ་ནམ་འཕྲུལ་ཆས་ལས་འཛིན་གྱིས་ སོ་ནམ་པ་ཚུ་ སོ་ནམ་ལཱ་ནང་ ཤུགས་བཏོན་བཅུག་ནིའི་དོན་ལུ་ གཙོ་རིམ་བཟུངམ་ཨིན་རུང་ སློབ་གྲྭ་ནང་ བཟའ་ཆས་ཚུ་ བཀྲམ་མ་ཚུགས་པར་ཡོདཔ་ལས་ ས་གནས་ལ་ལོ་ཅིག་ནང་ ཐོན་སྐྱེད་མ་འབད་མི་དང་ ལང་མ་ཚུགས་པའི་ མཁོ་ཆས་རེ་ཡོད་པ་ཅིན་ རྒྱབ་ཁར་ལས་ བཀྲམ་སྤེལ་འབད་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་གྱི་མདོ་ཆེན་ སྲིད་ཐར་རྡོ་རྗེ་གིས་ སླབ་མིའི་ནང་ ལས་འཛིན་གྱིས་ ཧཱ་རྫོང་ཁག་ནང་ ཟ་སྤྱོད་ལས་འཛིན་བརྒྱུད་དེ་ ཟླཝ་འདི་འགོ་བཙུགས་ཁམས་ལས་ སོ་ནམ་སྡེ་ཚན་གྱིས་ བཀྲམ་སྤེལ་འབད་མ་ཚུགས་མི་ བཟའ་ཆས་ཚུ་ བཀྲམ་སྤེལ་འབད་ནི་འགོ་བཙུགས་ཡོདཔ་ད་ གཙོ་བོར་ སོ་ནམ་པ་ཚུ་གིས་ འབད་བ་ཚུགས་པ་ཅིན་ རྒྱབ་སྐྱོར་དང་ ཡུན་བརྟན་བཞག་ཐབས་ལུ་ཨིན་ཟེར་ཨིན་པས།
མོང་སྒར་ལུང་ཕྱོགས་ཀྱི་ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེའི་ ཡིག་ཚང་གི་ ལུང་ཕྱོགས་སོ་ནམ་ཚོང་འབྲེལ་འགོ་འདྲེན་པ་ རྡོ་རྗེ་རིན་ཆེན་གྱིས་ སླབ་མིའི་ནང་ ཆིངས་ཡིག་དེ་ བཟོ་དགོ་མི་དེ་ཡང་ གཞུང་གིས་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ བར་འཛུལ་འབད་དེ་ སྟབས་བདེ་ཏོག་ཏོ་བཟོ་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
ལྟོ་ཐོབ་སློབ་གྲྭ་ཚུ་ནང་ ཧེ་མ་ སློབ་ཕྲུག་རེ་རེ་གིས་ ཟླ་རིམ་གྱི་འཐུས་དངུལ་ཀྲམ་༡༠༠༠ རེ་ ཐོབ་སྲོལ་ཡོད་མི་དེ་ ལས་རིམ་དེ་གི་དོན་ལུ་ གཞུང་གིས་ འཕྲལ་ཁམས་ཅིག་ཁར་ དངུལ་ཀྲམ་༡༥༠༠ ལུ་ ཡར་སེང་འབད་ཡོདཔ་ད་ དེ་ནང་ལས་ རུལ་མ་བཏུབ་མི་བཟའ་ཆས་ཚུ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ཧེ་མ་བཟུམ་སྦེ་ འབྲུག་ཟ་སྤྱོད་ལས་འཛིན་ལུ་ དངུལ་ཀྲམ་༦༠༠ རེ་སྤྲོདཔ་ཨིན་པས།
ཤར་ཕྱོགས་ལུང་ཕྱོགས་ནང་ གན་ཡིག་གི་ལས་རིམ་དེ་ སྤྱི་ཟླ་༢ པའི་ཚེས་༧ ལས་ མོང་སྒར་སློབ་གྲྭ་ཆེ་བ་ལས་ འགོ་བཙུགས་ཡོདཔ་ད་ ད་ལས་ཕར་ འཕྲོ་མཐུད་དེ་ ལྷག་ལུས་ཤར་ཕྱོགས་རྫོང་ཁག་༥ ནང་ འགོ་འདྲེན་འཐབ་ནི་ཨིན་པས།
ཤོག་ཐེངས་དང་པའི་ནང་ ཉིན་བསྟར་བཞིན་དུ་ ལྟོ་དུས་ཕོག་༣ ཐོབ་མི་ སློབ་གྲྭ་༥༦ ཚུ་ནང་ གན་ཡིག་བཟོ་དོ་ཡོདཔ་ད་ ལས་རིམ་དེ་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། ཡ་ལྡི།

 

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *