སྲོས་རྒེད་འོག་ནང་ བརྡ་བརྒྱུད་ཀྱི་ ཤེས་ཡོན་ལས་རིམ་ འགོ་འདྲེན་འཐབ་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་གི་ མཐའ་ཟུར་རྒེད་འོག་ཅིག་ཨིན་མི་ སྲོས་རྒེད་འོག་ནང་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ཐི་རི་ཇི་ཡོངས་འབྲེལ་གྱི་ ཞབས་ཏོག་མ་ལྷོད་ཚུན་ཚོད་ བརྡ་བརྒྱུད་དང་འབྲེལ་བའི་ མཐུན་རྐྱེན་ག་ནི་ཡང་མེདཔ་ཨིན་པས།
ད་རེས་འབད་བའི་བསྒང་ལས་ རྒེད་འོག་དེ་གི་ མི་སེར་མང་ཤོས་ཅིག་གིས་ར་ ཐི་རི་ཇི་ཡོངས་འབྲེལ་གྱི་ ཞབས་ཐོག་ལས་ མི་སྡེ་བརྡ་བརྒྱུད་ནང་ལས་ དམིགས་བསལ་དུ་ ཝི་ཅཱཊ་དེ་ ལག་ལེན་འཐབ་དོ་ཡོད་རུང་ རྒྱང་བསྒྲགས་རེ་ཌིའོ་མ་གཏོགས་ སྔར་ལུགས་ཀྱི་བརྡ་བརྒྱུད་ དཔེར་ན་ གསར་ཤོག་ཚུ་ མ་ལྷོད་པས།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༢ ལུ་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ སྲོས་ལུ་ མི་སྡེ་བརྡ་བརྒྱུད་ཀྱི་ གོ་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཤེས་རྟོགས་བྱུང་ཡོདཔ་ད་ གོ་བསྡུར་ཞལ་འཛོམས་ནང་ གངས་གཟིག་སྦུག་གི་ཇོ་མོ་ལྷ་རིའི་སློབ་གྲྭའི་ སློབ་དཔོན་༢ དང་ སློབ་ཕྲུག་༨ བརྩིས་ཏེ་ མི་སྡེའི་འཐུས་མི་༤༠ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
གོ་བསྡུར་ཞལ་འཛོམས་དེ་ བརྒྱུད་ལམ་ཁྱབ་ཆེ་བའི་ བརྡ་བརྒྱུད་ཐོག་ལས་ གྲོང་གསེབ་ཀྱི་ མི་སྡེ་ཚུ་ལུ་ བརྡ་སྤེལ་ལས་འགུལ་གྱི་ ཆ་ཤས་ཅིག་ཨིནམ་ད་ དེ་ཡང་ བརྡ་བརྒྱུདཔ་དང་ མི་སྡེ་ཚུ་ལུ་ སྦྱོང་བརྡར་བྱིན་ཐོག་ལས་ མཉམ་འབྲེལ་བཟོ་ཐབས་ལུ་ཨིན་ཟེར་ མཐུན་ཚོགས་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
གོ་བསྡུར་ཞལ་འཛོམས་སྐབས་ མི་སྡེའི་འཐུས་མི་ཚུ་ལུ་ བརྡ་བརྒྱུད་སྣ་ཚོགས་ཀྱི་ཐོག་ལས་ གནས་ཚུལ་དང་ ཤེས་ཡོན་སྤེལ་ཐངས་ བརྡ་བརྒྱུད་ཀྱི་ ལཱ་དང་འགན་ཁུར་གལ་ཆེ་བའི་སྐོར་ གཞུང་གི་མི་སྡེ་བརྡ་བརྒྱུད་ཀྱི་སྲིད་བྱུས་ དེ་ལས་ བརྡ་བརྒྱུད་དང་ འབྲེལ་འཛིན་ག་དེ་སྦེ་ འབད་ནི་ཨིན་ན་ཚུ་གི་སྐོར་ལས་ གསལ་བཤད་འབད་ཡོདཔ་ད་ གསལ་བཤདཔ་ཚུ་གིས་ གནས་ཚུལ་རྫུས་མ་ཚུ་གི་སྐོར་ལས་ཡང་ དྲནམ་བཏོན་དགོ་པའི་ དྲན་གསོ་ཡང་འབད་ནུག།
མི་སྡེ་བརྡ་བརྒྱུད་གོ་བསྡུར་ཞལ་འཛོམས་ཀྱི་ དམིགས་ཡུལ་དེ་ མཐའ་ཟུར་གྱི་ གྲོང་གསེབ་མི་སེར་ཚུ་གི་ བརྡ་བརྒྱུད་ཤེས་ཡོན་ཡར་དྲག་གཏང་ནི་དང་ གྲོང་གསེབ་ཀྱི་ གནད་དོན་ཚུ་ བརྡ་བརྒྱུད་ང་ོམ་ཚུ་གི་ཐོག་ལས་ རྒྱལ་ཡོངས་ལུ་ བརྡ་སྤེལ་འབད་ནི་ དེ་ལས་ མི་སྡེའི་འཐུས་མི་དང་ བརྡ་བརྒྱུད་ཀྱི་བར་ན་ འབྲེལ་བ་བཟོ་ཐབས་ལུ་ཨིན་པས།
འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ ཤུལ་མའི་ལོ་༢ ཀྱི་ནང་འཁོད་ལུ་ འདི་བཟུམ་མའི་ གོ་བསྡུར་ཞལ་འཛོམས་༨ འགོ་འདྲེན་འཐབ་ནི་ཨིནམ་ད་ ལས་འགུལ་དེ་གི་ཐོག་ལས་ མི་སེར་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ འབྲེལ་བ་འཐབ་ཚུགསཔ་ བཟོ་ནིའི་དོན་ལུ་ མི་སྡེ་བརྡ་བརྒྱུད་ཀྱི་ གྲོས་གནས་གཞི་བཙུགས་འབད་ནི་གི་ ལས་འཆར་ཡོདཔ་ད་ གོ་བསྡུར་ཞལ་འཛོམས་དེ་ འཛམ་གླིང་སྤྱི་ཚོགས་དམངས་གཙོའི་རིང་ལུགས་མ་དངུལ་ལས་ རྒྱབ་སྐྱོར་ཐོག་ལུ་ འགོ་འདྲེན་འཐབ་ཨིན་པས།
སྲོས་དེ་ རྒྱལ་ས་ལྟེ་བ་ལས་ ཉིན་གྲངས་༤ གི་རིང་ ལམ་འགྱོ་དགོཔ་མ་ཚད་ རྒེད་འོག་དེ་ནང་ ཁྱིམ་གུང་༢༨ དང་ མི་སེར་༢༠༠ ཡོད་མི་དེ་ རྒྱལ་ཁབ་ནང་ རྒེད་འོག་ཆུང་ཤོས་ཅིག་ཨིན་པའི་གནས་ཚུལ།

 

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *