སྲིད་དོན་འབྲེལ་མེད་ཀྱི་དགོངས་དོན་ལུ་ བརྩི་བཀུར་འབད་དགོཔ།

༉ འབྲུག་རྒྱལ་ཁབ་འདི་ རྒྱལ་བརྒྱུད་རིང་ལུགས་ལས་ དམངས་གཙོའི་རིང་ལུགས་ལུ་ སོར་བསྒྱུར་མཛད་དེ་ ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་ ལངམ་དང་གཅིག་ཁར་ སྤྱི་ཚོགས་རིམ་པ་གཉིས་ཀྱི་ཐོག་ གཞུང་སྐྱོང་གི་ མཛད་རིམ་ཚུ་ ལེགས་ཤོམ་སྦེ་ར་ མཐར་འཁྱོལ་བྱུང་ཡོད་པའི་ མངོན་གསལ་བྱུང་ཡི།

སྤྱི་ཚོགས་གཉིས་པའི་གཞུང་ རྩ་གྲོལ་སོངམ་དང་གཅིག་ཁར་ འདས་པའི་བདུན་ཕྲག་ནང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གནས་སྐབས་གཞུང་སྐྱོང་གི་ གྲོས་དཔོན་སྤྱི་ཁྱབ་གཙོས་ ལྷན་ཁག་སོ་སོའི་གྲོས་དཔོན་ཚུ་ བསྐོ་བཞག་གནངམ་ལས་ རྒྱལ་བློན་འབངས་གསུམ་ལུ་ བློ་བག་ཕེབས་ཐོག་ གནས་ཚུགས་པའི་དུས་བསྐལ་ བཟང་པོ་གཅིག་ཡང་བྱུང་སྟེ་ཡོད།

དེ་བཟུམ་སྦེ་ སྤྱི་ཚོགས་གསུམ་པའི་ བཙག་འཐུའི་དུས་ཚོད་ ན་འཐན་རནམ་དང་གཅིག་ཁར་ སྲིད་དོན་ཚོགས་པ་བཞི་གི་ཧོངས་ལས་ཡང་ འགོ་ཐོག་བཙག་འཐུའི་དོན་ལུ་ རང་སོའི་ཚོགས་པའི་ ངོས་ལེན་/ངོ་སྦྱོར་ཡིག་ཆ་དང་ དང་འདོད་ཡི་གུ་ཚུ་ བཙག་འཐུ་ལྷན་ཚོགས་ནང་ བཙུག་ནིའི་དོན་ལུ་ག་ར་ གྲ་སྒྲིག་ཚུད་དེ་ཡོདཔ་ཨིན་མས།

དེ་དང་འབྲེལ་ འོས་འབབ་ཅན་གྱི་ ཚོགས་རྒྱན་བསྐྱུར་ནིའི་ ཐོབ་དབང་ལྡན་མི་ཚུ་ཡང་ གསེར་ཁྲིའི་རྩ་བ་ལས་གནང་བའི་ རང་སོའི་ནོར་སྐལ་ ཚོགས་རྒྱན་དེ་ ག་ལུ་ཕུལཝ་དྲག་ག་ ཐག་བཅད་མ་ཚུགས་པར་ སྡོད་པའི་བར་ན་ སྲིད་དོན་ཚོགས་པ་སོ་སོའི་ མཉམ་འབྲེལ་ལས་བྱེདཔ་ཚུ་གིས་ རང་སོའི་ཚོགས་པའི་ཧོངས་ལུ་ ཤན་ཞུགས་བཅུག་ནིའི་ གོ་སྐབས་ཚུ་ལེན་ནི་ལུ་ བརྩོན་ཤུགས་བསྐྱེད་བཞིན་དུ་ཡོད་པའི་ མངོན་གསལ་བྱུངམ་མས།

མི་མང་ལུ་ རྒྱུད་བསྐུལ་དང་ ཤན་ཞུགས་རྐྱབ་ནིའི་ནང་ ཚོགས་པའི་ལས་བྱེདཔ་ཚུ་བ་ལྷག་པའི་ འཇིགས་སྣང་ཅན་དང་ དབང་ནུས་ཅན་ཅིག་ ཆོས་སྒོར་ཞུགས་མི་ བླམ་ཆོསཔ་དང་ དགེ་སློང་ ཨ་ནེམོ་ དེ་ལས་ དགོན་སྡེ་ཁག་དང་ གཡུས་སྒོ་སོ་སོའི་ནང་ཡོད་པའི་ སྒོམ་ཆེན་ཚུ་ཨིན་པའི་ ཚོར་སྣང་ཡང་བྱུངམ་མས། ག་འཆརཔ་ཟེར་བ་ཅིན་ བླམ་ཆོསཔ་དང་ སྒོམ་ཆེན་ཚུ་ གཡུས་སྒོའི་མི་སེར་ཉམ་ཆུང་ཚུ་གི་ འདི་ཕྱིའི་སྐྱབས་ཞུ་ས་ཅིག་དང་ བཟང་ངན་གྱི་ གྲོས་བསྟུན་ཞུ་ས་ཅིག་འབད་ནི་དེ་གིས་ ཤན་ཞུགས་རྐྱབ་ནི་ལུ་ དབང་ནུས་ཅན་ཅིག་ཡོད་མི་ལུ་བརྟེན་ཨིན་མས།

ལྷག་པར་དུ་ ཆོས་སྒོར་ཞུགས་མི་ ལ་ལོ་ཅིག་གིས་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༧ པའི་རྩ་དོན་༦པའི་ནང་གསལ་ “འབྲུག་པའི་མི་སེར་ཅིག་ལུ་ ཚོགས་རྒྱན་བསྐྱུར་ནིའི་ཐོབ་དབང་ཡོད།”ཟེར་ འཁོད་ཡོད་པའི་དགོངས་དོན་དང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ཅན་མའི་ ལེའུ་༦ པའི་ནང་ “ངོ་སྤྲོད་ལག་ཁྱེར་གྱི་ སྒྲུབ་བྱེད་སྟོན་ནི་ཡོད་པའི་ འབྲུག་པའི་མི་ཁུངས་ཨིན་མི་ རེ་རེ་བཞིན་ལུ་ འདེམས་ཁོངས་ཅིག་ནང་ ཚོགས་རྒྱན་སྐྱུར་མི་ཅིག་སྦེ་ ཐོ་བཀོད་ཀྱི་ཐོབ་ལམ་ཡོད།” ཟེར་ འཁོད་ཡོད་མི་ དགོངས་དོན་ཁོ་ན་ལུ་ མཐའ་གཅིག་ཏུ་ མནོ་བསམ་བཏང་སྟེ་ དངོས་ཤུགས་ཟུར་གྱི་ཐབས་ལམ་ དུ་མའི་སྒོ་ནས་ རྒྱུད་བསྐུལ་འབད་ནི་ལུ་ བརྩོན་ཐོག་ལས་ སྲིད་དོན་ནང་ ལགཔ་རྐྱབ་མེན་ན་མནོ་བའི་ འཆར་སྣང་ཚུ་ཡང་བྱུང་མས།

མ་གཞི་གིས་ ཐུགས་བསམ་ལེགས་ཤོམ་སྦེ་ བཞེས་ཤེས་མི་ བླམ་སློབ་དཔོན་ རྩ་ཅན་ཚུནི་ བཙག་འཐུའི་དུས་ཚོད་མ་རནམ་ལས་ར་ སྐུ་ཟུར་ཐོག་ ཕྱིའི་རྒྱལ་ཁབ་ཚུ་ལས་ཕར་ བྱོན་སོངམ་མ་ཚད་ ལ་ལོ་དུས་མཚམས་ནང་ བཞུགས་ནིའི་གྲ་སྒྲིག་ཚུ་ འབད་སར་མཇལཝ་མས།

གནད་དོན་འདི་གི་ཐད་ལུ་ “བླམ་ཆོསཔ་དང་ སྒོམ་ཆེན་ ཨ་ནེམོ་ ཆོས་སྡེའི་གཙུག་སྡེ་དང་ ཆོས་སྒོར་ཞུགས་མི་ཚུ་གི་ འགན་ཁུར་དེ་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ཆོས་ ཡར་སྤེལ་མཛད་ནི་འདི་ཨིནམ་ལས་ འབྲུག་ལུ་ ཆོས་འདི་ སྲིད་དོན་དང་ཐ་དད་གནས་དགོཔ་ངེས་གཏན་ཨིན།” ཟེར་ འཁོན་ཡོད་མི་དང་ “ཆོས་སྡེའི་གཙུག་སྡེ་དང་ ཆོས་སྒོར་ཞུགས་མི་ཚུ་ སྲིད་དོན་ལས་འདས་པའི་ཡུལ་ལུ་གནས་དགོ། ཟེར་ རྩ་ཁྲིམས་ཆེན་མོའི་རྩན་ཚན་༣ པའི་ རྩ་དོན་༣པའི་ནང་གསལ་གྱི་ དགོངས་དོན་འདི་ ཧ་མ་གོཝ་ཨིན་ན་ ཡང་ཅིན་ སྣང་མེད་བསྐྱུརཝ་ཨིན་ན་ མནོ་བའི་དོགས་པ་ཚུ་ཡང་བྱུངམ་མས།

དེ་འབདཝ་ལས་ ཆང་གིས་ར་བཟི་བའི་མི་ལྟར་ ཁུ་སིམ་སི་སྦེ་ སྡོད་ཟེརན་མི་ཆགས་ ཁུངས་བསྐྱལ་ཟེརན་ བློ་ཚིག་གཅིག་ཡང་ བཏོན་ནི་མེད་པའི་ ཡར་མཐོ་བའི་གྲངས་སུ་མ་ཚུད་ མར་ཉམ་ཆུང་གི་ གྲངས་སུ་མ་ཚུད་པའི་ ལྟོ་གོས་གཏམ་གསུམ་གྱི་ ཆོས་གཟུགས་འཆང་མི་བར་ན་སྐོརམ་ཚུ་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གི་ཧོངས་ལས་ སྔ་གོང་ལས་ར་ ག་དེ་དྲག་དྲག་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་གནང་ཚུགས་པ་ཅིན་ ཞི་བདེ་དགའ་སྐྱིད་ཅན་གྱི་ མི་སྡེའི་ནང་ བྱ་སྤུ་སློང་གི་ཕུང་སྲི་ ག་ནི་ཡང་མེད་པར་ སྤྱི་ཚོགས་གསུམ་པའི་ བཙག་འཐུ་དེ་ ཞི་འཇམ་ཐོག་ དྲང་བདེན་དང་ རྣམ་དག་གི་སྒོ་ནས་ འགོ་འདྲེན་འཐབ་ཚུགས་ནི་ལུ་ ཐེ་ཚོམ་དང་བྲལ་བ་ཅིག་འོང་ནི་མས།

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *