སྨྱོ་རྫས་དང་ ཆང་ལ་སོགས་པ་ཚུ་ སྤང་ཐབས་དོན་ལས་ བརྐྱང་ཕྱག་འཚལ་བའི་བསྒང་།

སྨྱོ་རྫས་དང་ཆང་ལུ་ ཤུགས་ཐལ་མི་ཚུ་གིས་ བརྐྱང་ཕྱག་འཚལ་ནིའི་ལས་རིམ།

༉ ཁ་ཙ་ སྨྱོ་རྫས་ལ་སོགས་པ་ཚུ་ལུ་ གོམས་ཤུགས་ཐལ་མི་ ན་གཞོན་ཚུ་གི་ མནོ་ལུགས་བསྒྱུར་བཅོས་དང་ བཤོལ་བཞག་འབད་བཅུག་ཐབས་ལུ་ ས་ག་ཟླ་བའི་ དུས་ཆེན་ལྔ་འཛོམས་དང་འབྲེལ་ སྨྱོ་རྫས་སྤངས་མི་ཚུ་གིས་ བཀྲིས་སྒང་དང་ བཀྲིས་གཡང་རྩེའི་གཞུང་ལམ་བདའ་སྟེ་ ཉིནམ་གཅིག་གི་རིང་ བརྐྱང་ཕྱག་འཚོལ་ནིའི་ ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།

བརྐྱང་ཕྱག་དེ་ཡང་ དྲོ་པའི་ཆུ་ཚོད་ ཕྱེད་དང་༦ ལས་ ས་གནས་བསྐོར་ལུང་ཟེར་ས་ལས་ འགོ་བཙུགས་མི་དེ་ ཀི་ལོ་མི་ཊར་༢ ལྷགཔ་ཅིག་ཡོད་མི་ སྒོམ་ཕུག་བསྐོར་ར་ཚུན་ ཕྱག་འཚལ་ནི་ཨིནམ་ད་ ལས་རིམ་དེ་ནང་ སྨྱོ་རྫས་ལ་སོགས་པ་ སྤངས་ཚུགས་མི་དང་ བཀྲིས་སྒང་འབྲིང་རིམ་སློབ་བར་མའི་སློབ་ཕྲུག་ དེ་ལས་ ཕམ་ཚུ་གིས་ བཅའ་མར་གཏོགས་ཅི།
ལས་རིམ་འགོ་འདྲེན་མི་ ཨེསི་བི་ག་ལེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཤར་ཕྱོགས་ཁ་ཐུག་ལུ་ དེ་བཟུམ་མའི་ བརྐྱང་ཕྱག་གི་ ལས་རིམ་འགོ་འདྲེན་འཐབ་མི་དེ་ འགོ་དང་པ་ཨིན་རུང་ བྱ་སྤྱོད་ངན་པ་ཚུ་ སྤང་ཐབས་ལུ་ ཧེ་མར་ ཐིམ་ཕུག་ལུ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ག་ཟླ་བའི་ དུས་ཆེན་དང་འབྲེལ་ འགོ་འདྲེན་འཐབ་མི་དེ་ཡང་ ནང་པའི་ཆོས་ཚུ་ནང་ དུས་ཆེན་ཚུ་གི་སྐབས་ ཆོས་ཕྱོགས་ཀྱི་ ལམ་རིམ་ག་ཅི་ར་ འགོ་འདྲེན་འཐབ་རུང་ ཕན་ཡོན་འབུམ་འགྱུར་སྦེ་ ཡོད་མི་ལུ་བརྟེན་ ཨིནམ་མ་ཚད་ ཞི་གཡོགཔ་ཅིག་འབདཝ་ལས་ དུས་ཚོད་གཞན་ཚུ་ནང་ ངལ་གསོ་མ་འཐོབ་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
ལས་རིམ་དེ་གི་དོན་ལུ་ བཅའ་མར་གཏོགས་མི་ཚུ་གིས་ སྤྱི་ཚེས་༨ ཀྱི་ནུབ་མོའི་ ཆུ་ཚོད་༡༠ ལས་ར་ ངག་བསྡམས་སྡོད་ཡོདཔ་མ་ཚད་ ཕྱག་འཚལ་བའི་སྐབས་ཡང་ གཅིག་གིས་གཅིག་ལུ་ བློ་སླབ་ནི་མེད་པའི་ཁར་ ལམ་འགྲུལ་འབད་མི་ཚུ་གིས་ ག་ཅི་བྱིན་རུང་ ལེན་ནི་མེད་ཟེར་ཨིན་པས།
སྒོམ་ཕུག་བསྐོར་རའི་ ལྷ་ཁང་ནང་ ལྷོད་ཞིནམ་ལས་ ཕྱག་འཚལ་ཐོག་ལས་ ལྷ་ཁང་བསྐོར་ར་ རྐྱབ་ཚར་བའི་ཤུལ་ལུ་ སྒོམ་ཕུག་བསྐོར་ར་དགེ་འདུན་སློབ་གྲྭའི་བླམ་དང་ དགེ་སློང་ཚུ་གིས་ ཉིན་མའི་ལྟོ་ཕོག་ཅིག་ཡང་ འདྲངས་ཡོདཔ་ཨིན་པས།
ཨེསི་བི་ག་ལེ་གིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ ལ་ལོ་ཅིག་ ཏམ་ཁུ་དང་ སྨྱོ་རྫས་ཚུ་ལུ་ ཤུགས་ཐལ་མི་དང་ ལ་ལོ་ཅིག་ ཆང་ལུ་ ཤུགས་ཐལ་མི་ཚུ་ཨིནམ་ མི་མང་ཤོས་ཅིག་གིས་ སྤང་ཐབས་འབད་དོ་ཡོད་མི་དེ་ཡང་ དེ་གིས་ ཧེང་སྐལ་ར་ ན་དོ་ཡོད་མི་ལུ་བརྟེན་ཨིན་རུང་ དེ་ཚུ་ སེམས་ཀྱི་ཁྱད་པར་ཅིག་ར་ ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ རང་སོའི་ཁྱིམ་ནང་ ཕྱག་འཚལ་བའི་སྐབས་ རྩ་འགེངས་ཏེ་ འཚལ་མི་ཚུགས་དོ་ཡོད་རུང་ གཞུང་ལམ་བདའ་སྟེ་ འཚལ་བའི་སྐབས་ དད་པ་དང་ མོས་གུས་ཐོག་ལས་ འཚལ་ཚུགས་པའི་ ཁྱད་པར་ཡོད་ཟེར་ཨིནམ་ད་ ལས་རིམ་དེ་ གཙོ་བོ་ར་ སྨྱོ་རྫས་དང་ ཆང་ལ་སོགས་པ་ཚུ་ལུ་ ཤུགས་ཐལ་མི་ ན་གཞོན་ཚུ་ལུ་ གོ་བརྡ་སྤྲོད་ཐབས་ལུ་ཨིན་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *