གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་ སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད།

སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་ཁར་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་གདོང་ལེན།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གསེར་ཐིག་རྒེད་འོག་ སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་དེ་ ལོ་ལེ་ཤ་མ་ལང་རུང་ གསང་སྤྱོད་དང་འཐུང་ཆུ་ གློག་མེ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་མེདཔ་ལས་ མི་ཚུ་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
ད་རེས་ དུར་ཁྲོད་དེ་ནང་ བདག་འཛིན་འཐབ་མི་ ག་ཡང་མེདཔ་ལས་ མཐའ་འཁོར་ལུ་ ཧོན་སྡོང་ཚུ་སྐྱེས་ཡོདཔ་བཞིན་དུ་ གསང་སྤྱོད་དང་ ཐབ་ཚང་གི་ སྒོ་ཚུ་ཡང་ མེདཔ་ཐལ་ཡོད་མི་ལུ་བརྟེན་ དུར་ཁྲོད་དེ་ཁར་ མེ་སྦྱང་མི་འབད་དོ་བཟུམ་སྦེ་ མཐོངམ་ཨིན་པས།
སྐྱེས་ལོ་༤༥ ལང་མི་ ལྷ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ སྤྱི་འོག་དེ་ནང་ མི་ཤི་བའི་སྐབས་ མེ་སྦྱང་འབད་སའི་ དུར་ཁྲོད་ཅིག་མེད་པའི་ དཀའ་ངལ་བྱུང་པའི་སྐབས་ རྒེད་འོག་བདག་སྐྱོང་གིས་ དུར་ཁྲོད་རྐྱབ་མི་ལུ་བརྟེན་ སེམས་དགའ་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ དུར་ཁྲོད་དེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་ཡོད་རུང་ དེ་ཁར་ ཐབ་ཚང་དང་ གསང་སྤྱོད་ཀྱི་ གནས་སྟངས་ཚུ་ཡང་ ལེགས་ཤོམ་མེདཔ་ལས་ རྒེད་འོག་བདག་སྐྱོང་ལ་སོགས་པའི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཉམས་བཅོས་འབད་བ་ཅིན་ ཕན་ཐོགས་ཆེ་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༢༧ ལང་མི་ བསྟན་འཛིན་གྱིས་ སླབ་མིའི་ནང་ དུར་ཁྲོད་དེ་གིས་ རྒེད་འོག་གི་ མི་སེར་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོད་རུང་ དེ་ཁར་ གློག་མེ་དང་ གསང་སྤྱོད་ཀྱི་ མཐུན་རྐྱེན་ཚུ་མེད་པའི་ཁར་ གསུང་ཆོག་གནང་ས་ལུ་ ལྡེབས་རིས་ཚུ་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་ སྤྱི་འོག་ཚོགས་པ་དང་ རྒེད་འོག་བདག་སྐྱོང་ལུ་ ག་དེམ་ཅིག་ སྙན་ཞུ་འབད་རུང་ ད་ལྟོ་ཚུན་ ག་ཅི་ཡང་ འབད་ནི་མིན་འདུག་ཟེར་ཨིནམ་ད་ དུར་ཁྲོད་དེ་ དེ་སྦེ་ར་ བཀོག་བཞག་པ་ཅིན་ དེ་ཁའི་སྒྲིང་ཁྱིམ་ཚུ་ཡང་ མེདཔ་ཐལ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
དེ་ལས་ སྐྱེས་ལོ་༣༠ ལང་མི་ བློ་གྲོས་དབང་མོ་གིས་ སླབ་མིའི་ནང་ ད་རེས་ དུར་ཁྲོད་དེ་ཁར་ གཞི་རྟེན་མཐུན་རྐྱེན་ཚུ་ མང་ཤོས་ཅིག་ར་མེདཔ་ལས་ མི་ཚུ་གིས་ མི་ཤིའི་ཕུངམོ་ཚུ་ མེ་སྦྱང་འབད་བར་ དུར་ཁྲོད་དེ་ཁར་ འབག་མ་འོང་པར་ གཡུས་ཚན་ནང་ར་ འབདཝ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ དུར་ཁྲོད་རྐྱབ་སྟེ་ ལོ་ངོ་༨ ལྷགཔ་ཅིག་ལང་རུང་ ད་ལྟོའི་བར་ན་ཡང་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་མ་ཚུགས་པར་ ལུས་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ ཧ་མ་གོ་ཟེར་ཨིནམ་ད་ རྒེད་འོག་བདག་སྐྱོང་གིས་ འཕྲལ་མགྱོགས་ར་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ དུར་ཁྲོད་དེ་ རི་དྭགས་གླངམོ་ཆེ་ཚུ་ འཁྱམས་སྡོད་སའི་ ས་ཁོངས་ངོ་མ་ཅིག་ ཨིནམ་བཞིན་དུ་ ད་རེས་ དུར་ཁྲོད་ཀྱི་ མཐའ་འཁོར་ཚུ་ག་ར་ ཧོན་སྡོང་ཚུ་གིས་གང་སྟེ་ ཚལ་མ་ལུ་གྱུར་ཡོདཔ་ལས་ དེ་ཁར་ མེ་སྦྱང་ཚུ་འབད་བའི་སྐབས་ ཉེན་ཁ་ཡོདཔ་ལས་ ཧོན་སྡོང་ཚུ་ བཏོག་བཀོག་དགོཔ་ད་ ཡང་ཅིན་ ལྕགས་ཀྱི་ར་བ་ཅིག་བསྒོར་རུང་ གླངམོ་ཆེ་ཚུ་ལས་ སྲུང་སྐྱོབ་འབད་ཚུགས་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
གསེར་ཐིག་རྒཔོ་ པདྨ་ཆོས་འཕེལ་གྱིས་ སླབ་མིའི་ནང་ དུར་ཁྲོད་དེ་ དངུལ་ཀྲམ་༤༠༠,༠༠༠ དེ་ཅིག་ ཟད་འགྲོ་བཏང་སྟེ་ རྒེད་འོག་བདག་སྐྱོང་གིས་ རྐྱབ་ནུག་ཟེར་ཨིནམ་ད་ དུར་ཁྲོད་དེ་ཁར་ ཟླཝ་༡ ནང་ མེ་སྦྱང་༡ དེ་ཅིག་དང་ འཕྲལ་འཕྲལ་ལོ་༡ ནང་ ཚར་༡ ལས་བརྒལ་ མི་ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དེ་ཁར་ མེ་སྦྱང་འབད་བའི་སྐབས་ མི་ཚུ་གིས་ གློག་མེ་དང་ འཐུང་ཆུ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དགོ་པའི་སྐོར་ལས་ སླབ་དེས་ཟེར་ཨིནམ་ད་ ཨིན་རུང་ ད་ལྟོ་ རྒེད་འོག་ལུ་ མ་དངུལ་མེདཔ་ལས་ བཅོ་ཁ་རྐྱབ་ནིའི་འཆར་གཞི་ཚུ་ མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དུར་ཁྲོད་དེ་ཁར་ མཐུན་རྐྱེན་དེ་ཚུ་ དགོཔ་ཁག་ཆེཝ་ཡོདཔ་བཞིན་དུ་ རྒེད་འོག་ནང་ མ་དངུལ་མེད་རུང་ མ་འོངས་པར་ མ་དངུལ་དང་འཁྲིལ་ འཆར་གཞི་བརྩམ་ནི་ཟེར་ཨིནམ་ད་ གློག་མེ་མཐུད་སྦྲེལ་གྱི་དོན་ལུ་ འབྲུག་གློག་མེ་ལས་འཛིན་ཡིག་ཚང་གིས་ སྔོན་རྩིས་བཏོན་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *