གསོ་བ་ལྷན་ཁག་གིས་ བརྡ་བརྒྱུད་ཀྱི་ གྲོས་བསྡུར་ཞལ་འཛོམས་ འགོ་འདྲེན་འཐབ་པའི་བསྒང་།

སྨན་དང་ གསོ་བའི་འཕྲུལ་ཆས་ མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནིའི་ནང་ འཆར་དངུལ་མངམ།

༉ འཆར་གཞི་༡༢ པའི་ནང་ གསོ་བ་ལྷན་ཁག་ལུ་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༣.༥༨ དེ་ཅིག་ བགོ་བཀྲམ་འབད་མི་ལས་ འཆར་དངུལ་མང་ཤོས་ར་ སྨན་དང གསོ་བའི་འཕྲུལ་ཆས་ དེ་ལས་ མཐུན་རྐྱེན་ཡར་དྲག་གཏང་ཐབས་ལུ་ཨིན་པས།
ལས་རིམ་དེ་ནང་ དངུལ་ཀྲམ་ཐེར་འབུམ་༢.༥༡༡ འབདཝ་ད་ བརྒྱ་ཆ་༧༠ དེ་ཅིག་ བཞག་ཡོདཔ་ད་ འཆར་དངུལ་དེ་གི་ཤུལ་ལས་ གསོ་བའི་འཕྲོ་བསྟེན་ཡར་དྲག་དང་ ནད་གཞི་བཀག་ཐབས་ལུ་ དངུལ་ཀྲམ་ས་ཡ་༥༢༣ བགོ་བཀྲམ་འབད་ནུག།
དེ་ལས་ འཆར་ལོ་དེ་ནང་ གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༦༨ དང་ ནང་པའི་སྨན་ཁང་གི་ ཞབས་ཏོག་དོན་ལུ་ དངུལ་ཀྲམ་ས་ཡ་༡༩༠ བགོ་བཀྲམ་འབད་ནུག།
སྤ་རོ་ལུ་ འགོ་འདྲེན་འཐབ་མི་ བརྡ་བརྒྱུད་ཀྱི་ གྲོས་བསྡུར་ཞལ་འཛོམས་སྐབས་ གསོ་བ་ལྷན་ཁག་གི་ འཆར་གཞི་གཙོ་འཛིན་ བཀྲིས་དཔལ་འབྱོར་གྱིས་ འཆར་གཞི་༡༢ པའི་ གསོ་བའི་ལས་སྣ་ཚུ་གི་སྐོར་ལས་ གསལ་ཞུ་འབད་མིའི་ནང་ འཆར་དངུལ་ཚུ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ བགོ་བཀྲམ་འབད་མི་དང་འཁྲིལ་ཏེ་ འཆར་གཞི་ལས་སྣ་ཚུ་ནང་ བགོ་བཀྲམ་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷན་ཁག་ནང་ འཆར་དངུལ་ཡོངས་བསྡོམས་ཐེར་འབུམ་༣.༥ བགོ་བཀྲམ་འབད་མི་ལུ་ གཞི་བཞག་ཏེ་ འཆར་གཞི་བཟོ་ནི་ལུ་ གདོང་ལེན་བྱུང་ཡོདཔ་བཞིན་དུ་ འཆར་གཞི་༡༢ པའི་ནང་ དགོས་མཁོ་ཅན་གྱི་ ཐབས་ཤེས་ལེ་ཤ་ བཏོན་དགོཔ་བྱུང་ཡི་ཟེར་ཨིན་པས།
གསོ་བའི་འཆར་གཞི་དེ་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ སྤྱིར་བཏང་རྒྱལ་སྤྱི་ལས་རིམ་༡༣ དང་ རིམ་སྒྲིག་ཐོག་ལས་ བཟོ་མི་དེ་ འཛམ་གླིང་གསོ་བའི་ལས་ཚོགས་དང་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་གྱི་ ལོ་༥ འི་ འཆར་གཞི་ཨིན་ཟེར་ བཀྲིས་དཔལ་འབྱོར་གྱིས་ བཤད་ཅི།
ལས་རིམ་དེ་ལུ་བརྟེན་ དམིགས་བསལ་དུ་ གསོ་བ་ལུ་ གཙོ་རིམ་བཟུང་མིའི་ རྒྱལ་ཡོངས་བརྡ་སྟོན་༡༤ བཟོ་ཡོད་པའི་ཁར་ བརྡ་སྟོན་༡༧ ཡོད་མི་ལས་༡༤ གསོ་བ་ལྷན་ཁག་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཀྱི་བརྡ་སྟོན་༡༤ འི་སྐོར་ལས་ བཀྲིས་དཔལ་འབྱོར་གྱིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ མི་སྡེའི་འཕྲོད་བསྟེན་སྒྲིང་སྒྲི་དང་ གཅེས་སྐྱོང་གི་ ལྷན་ཐབས་ལུ་ ཐབས་བྱུས་༤ བཟོ་སྟེ་ཡོད་མི་དེ་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ གསོ་བའི་ལམ་ལུགས་དང་འཁྲིལ་ཏེ་ཨིན་ཟེར་ཨིན་པས།
ཐབས་བྱུས་༤ ལག་ལེན་འཐབ་ནིའི་དོན་ལུ་ ལས་ཚོགས་དང་འཁྲིལ་ཏེ་ ལས་རིམ་༤ ཡོདཔ་ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འཆར་གཞི་༡༢ པའི་ འཆར་གཞི་དང་ གསོ་བ་དང་འབྲེལ་བའི་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་གྱི་ བརྡ་བརྒྱུད་ཞལ་འཛོམས་ནང་ བརྡ་བརྒྱུདཔ་༢༠ དང་ གསོ་བའི་འགོ་དཔོན་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ཉིན་གྲངས་༣ གྱི་ ཞལ་འཛོམས་དེ་ སྤྱི་ཟླ་༧ པའི་ཚེས་༦ ལུ་ མཇུག་བསྡུ་ཡི།
གསོ་བ་ལྷན་ཁག་ནང་ ཌོག་ཊར་མཁས་མཆོག་བརྩིས་ཏེ་ མི་སྟོབས་མ་ལང་པའི་ དཀའ་ངལ་ཡོདཔ་ལས་ གཞུང་གིས་ ཟླ་རིམ་དངུལ་ཕོགས་ ཡུ་ཨེསི་ཌོ་ལར་༣,༥༠༠ བྱིན་ཐོག་ལས་ བང་ལ་དེཤ་གི་ ཌོག་ཊར་ལེན་ནི་གི་ ཁྱབ་བསྒྲགས་འབད་དེ་ཡོདཔ་ཨིན་པས།
ཨིན་རུང་ ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ འཆར་དངུལ་ཡོངས་བསྡོམས་ལས་ གསོ་བའི་ལས་བྱེདཔ་ ཡར་དྲག་གཏང་ནི་དང་ འཛིན་སྐྱོང་གི་དོན་ལུ་ དངུལ་ཀྲམ་ས་ཡ་༨༨ ལས་བརྒལ་ བགོ་བཀྲམ་མ་འབད་བར་ཡོདཔ་ཨིན་པས།
ཞལ་འཛོམས་ནང་ བརྡ་བརྒྱུདཔ་ཚུ་གིས་ གསོ་བ་ལྷན་ཁག་གི་ མི་སྟོབས་ཚུ་ ཡར་དྲག་གཏང་ནི་དང་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ མ་དངུལ་དེ་གིས་ ག་དེ་སྦེ་ ལང་ཚུགས་ག་ཟེར་བའི་ ཚ་གྱང་བཤད་ཅི།
བཀྲིས་དཔལ་འབྱོར་གྱིས་ ཁོང་གི་དོན་ལུ་ དགོས་མཁོ་ཉུང་སུ་ཅིག་ཨིནམ་ལས་ མ་དངུལ་དེ་གིས་ ལང་དགོཔ་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
མི་སྟོབས་ཀྱི་ ཁ་སྐོང་འཆར་དངུལ་གྱི་ཐད་ལུ་ འཆར་གཞི་གཙོ་འཛིན་གྱིས་འབད་བ་ཅིན་ ལས་སྡེ་དང་ ལྷན་ཁག་གཞན་ ཤེས་རིག་ལྷན་ཁག་གིས་ ཌོག་ཊར་སྦྱོང་བརྡར་གྱི་དོན་ལུ་ སློབ་གཉེར་གྲོགས་རམ་ཚུ བྱིན་སྲོལ་ཡོད་མི་དེ་ཡང་ གསོ་བའི་ལས་སྡེའི་དོན་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གསོ་བ་ལྷན་ཁག་གི་ མི་སྟོབས་ཚུ་ལུ་ ཡུན་བརྟན་གྱི་ སྦྱོང་བརྡར་བྱིན་ནིའི་དོན་ལས་ དངུལ་ཀྲམ་ས་ཡ་༥༠༠ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་པས།
 འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་འཐུས་མི་ ཌོག་ཊར་རིའུ་ པའུ་ལོ་ཌི་ ཇི་སིའུ་གིས་ ཏི་རུ་རྐྱངམ་གཅིག་གི་སྐོར་ལས་མེན་པར་ འཆར་གཞི་དེ་ མཐར་འཁྱོལ་འབྱུང་ནིའི་ བརྡ་སྟོན་ཅིག་ཨིན་ཟེར་ བཤད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ སྨན་བཅོས་དང་འབྲེལ་བའི་ ལཱ་འབད་མི་ཚུ་བརྩིས་ཏེ་ གསོ་བའི་ལས་བྱེདཔ་ཚུ་གི་ ལྕོགས་གྲུབ་གོང་འཕེལ་གཏང་ཐབས་ལུ་ མ་རྩ་སྦོམ་སྦེ་ར་ བཙུགས་ཏེ་ཡོདཔ་བཞིན་དུ་ མཉམ་འབྲེལ་དང་ གཅིག་བསྡོམས་ དེ་ལས་ འགོ་འདྲེན་༣ ཡོད་པ་ཅིན་ གྲུབ་འབྲས་བཏོན་ཚུགས་ཟེར་ཨིན་པས།
གསོ་བའི་གཙོ་རིམ།
སྤྱི་ལོ་༢༠༡༩-༢༠ གི་ འཆར་དངུལ་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་སྒྲིང་སྒྲི་བཟོ་ཐབས་ལུ་ དམིགས་ཏེ་ འཆར་གཞི་༡༢ པའི་ནང་ གསོ་བ་ལྷན་ཁག་གིས་ སྤུས་ཚད་ཅན་གྱི་ གསོ་བའི་ཞབས་ཏོག་ འདྲ་མཉམ་སྦེ་ མཁོ་སྤྲོད་འབད་ནི་ འབུ་ནད་མེད་པའི་ ནད་གཞི་མར་ཕབ་ དེ་ལས་ གསོ་བའི་འཕྲོད་བསྟེན་ ཡུན་བརྟན་སྦེ་ བཞག་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་ཨིན་པས།
འཆར་གཞི་༡༢ པའི་ དམིགས་ཡུལ་འགྲུབ་ནིའི་དོན་ལུ་ རྩིས་ལོ་༢༠༡༩-༢༠ ལུ་ དངུལ་ཀྲམ་ཐེར་འབུམ་༥.༧ བགོ་བཀྲམ་འབད་མི་ལས་ དངུལ་ཀྲམ་ཐེར་འབུམ་༢.༣ མཁོ་སྤྲོད་ཀྱི་དོན་ལུ་ བཞག་ཡོདཔ་ཨིན་པས།
ལྷན་ཁག་གིས་ འཆར་དངུལ་བགོ་བཀྲམ་འབད་མི་ཚུ་ཡང་ རྒྱལ་བཙུན་རྗེ་བཙུན་པདྨ་མ་བུའི་སྨན་ཁང་ ཉལ་ཁྲི་༡༥༠ དང་ བསམ་གྲུབ་ལྗོངས་མཁར་བདེ་བ་ཐང་ལུ་ ཉལ་ཁྲི་༤༠ འབད་མི་ སྨན་ཁང་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༤༢༠ བཞག་སྟེ་ཡོད་མི་ཡང་བརྩིས་ཏེ་ཨིན་ཟེར་ སྙན་ཞུ་ནང་བཀོད་ནུག།
དེ་ལས་ དངུལ་ཀྲམ་ས་ཡ་༣༥༠ དེ་ཅིག་ རྫོང་ཁག་ཚུ་ནང་ གསོ་བའི་མཐུན་རྐྱེན་ཡར་དྲག་གཏང་ནི་དང་ དངུལ་ཀྲམ་༢༡༢.༥ དེ་ གྲོང་གསེབ་ཚུ་ནང་ འཐུང་ཆུ་བཀྲམ་སྤེལ་དང་ རྒྱུན་སྐྱོང་འབད་ནིའི་དོན་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ད་རུང་ ཁ་སྐོང་སྨན་ཁང་ཅིག་ རྐྱབ་ནིའི་དོན་ལས་ དངུལ་ཀྲམ་ས་ཡ་༦༠ བཞག་ཡོདཔ་མ་ཚད་ དངུལ་ཀྲམ་ས་ཡ་༧༥.༥ དེ་ གསོ་བ་ཡར་དྲག་དང་ ནད་གཞི་བཀག་ཐབས་ལས་རིམ་ནང་ བགོ་བཀྲམ་འབད་མི་དེ་ཡང་ འབུ་ནི་མེད་པའི་ ནད་གཞི་ལུ་བརྟེན་ གསོ་བའི་འཕྲོད་བསྟེན་གྱི་ ཟད་འགྲོ་ཡར་འཕར་འགྱོ་བའི་ གདོང་ལེན་ཚུ་ སེལ་ཐབས་ལུ་ཨིན་པས།
གསོ་བའི་མོཁ་ཆས་དང་ ཡན་ལག་ཅ་ཆས་ཚུ་ མཁོ་སྒྲུབ་ཀྱི་དོན་ལས་ ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་༢ ཀྱིས་ ནདཔ་སྐྱེལ་ལེན་སྣུམ་འཁོར་༢ དང་ སྐྱེལ་སྤྲོད་ཀྱི་ སྣུམ་འཁོར་༣ ཉོ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༣༥ དང་ དངུལ་ཀྲམ་ས་ཡ་༦༣.༤ རེ་ བགོ་བཀྲམ་འབད་ནུག།
དེ་ལས་ མི་སྟོབས་གོང་འཕེལ་གཏང་ནིའི་ ལས་རིམ་ནང་ དངུལ་ཀྲམ་ས་ཡ་༥༦.༨ དང་ འཕྲོ་མཐུད་གསོ་བའི་ ཤེས་ཡོན་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡༣.༥ བཞག་ཡོདཔ་བཞིན་དུ་ དངུལ་ཀྲམ་ས་ཡ་༩.༧ དེ་ ནང་པའི་སྨན་ཡར་དྲག་གཏང་ཐབས་ལུ་ བགོ་བཀྲམ་འབད་ཡོད་པའི་གནས་ཚུལ།

སྤ་རོ་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *