སྨན་ཇ་བཟོ་ནིའི་དོན་ལུ་ སྔོ་ཤིང་གི་མེ་ཏོག་ཚུ་ བསྡུ་བསྒྱོམ་འབད་བའི་བསྒང་།

སྨན་ཇའི་ཚོང་འབྲེལ་ ལེགས་ཤོམ་ཡོད་རུང་ མཁོ་མངགས་གྲུབ་མ་ཚུགས་པའི་གདོང་ལེན།

༉ བུམ་ཐང་ཆོས་འཁོར་རྒེད་འོག་ ཀོང་མ་བཱ་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ བྷུ་ཊཱན་ཧར་བཱལ་ཊི་ཟེར་ རང་བཞིན་གྱི་སྨན་ཇ་ བཟོ་སྐྲུན་འབད་དོ་ཡོད་མི་དེ་ ཡོངས་གྲགས་ཐོན་དོ་ཡོདཔ་ཨིན་རུང་ ཐོན་ཤུགས་མ་ལང་པའི་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
ལས་སྡེ་གིས་ ན་གཞོན་༡༢ ལུ་ གཏན་འཇགས་ཀྱི་ ལཱ་གཡོག་བྱིན་ཡོདཔ་མ་ཚད་ དུར་གཡུས་ཚན་གྱི་ མི་སེར་ཚུ་ལུ་ཡང་ ཉིན་བསྟར་གྱི་ལས་མི་སྦེ་ ལཱ་བྱིན་དོ་ཡོདཔ་ཨིན་པས།
སྨན་ཇ་དེ་ བུམ་ཐང་ལུ་ཡོད་པའི་ ལྟ་བཤལ་མགྲོན་ཁང་ཚུ་ནང་ བཀྲམ་སྤེལ་འབད་དོ་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ རྫོང་ཁག་༥ དེ་ཅིག་ནང་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ ཤུལ་ལས་ ཕྱིར་བཙོང་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
སྨན་ཇ་བཟོ་སྐྲུན་ལས་སྡེ་ འགོ་བཙུགས་མི་༢ ཡོད་མི་ཚུ་ཡང་ ཨེ་མི་རི་ཀ་ལུ་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་ ལཱ་འབད་སྡོད་པའི་ཤུལ་ལས་ རྒྱལ་ཁབ་ནང་ ལོག་འོང་པའི་ཤུལ་ལུ་ བུམ་ཐང་རྫོང་ཁག་ནང་ སྨན་ཇ་བཟོ་ནིའི་ ལཱ་འགོ་བཙུགས་ཡོདཔ་ཨིན་པས།
དབང་ཕྱུག་ཀུན་དགའ་གིས་ ཕྱི་རྒྱལ་ཁབ་ནང་ རང་བཞིན་སྨན་པའི་ལཱ་འབད་སྡོད་བཞིན་དུ་ རང་བཞིན་སྨན་པའི་ ལཱ་འབད་ནིའི་ནང་ མཁས་མཆོག་ཨིནམ་བཞིན་དུ་ འགོ་དང་པ་ ཐིམ་ཕུག་ འོད་གསལ་སྤང་ལུ་ ས་ཆ་ཨེ་ཀར་༡ ནང་ མོ་བཏབ་ཀྱི་དོན་ལུ་ སྔོ་ཤིང་༤༠ ལྷགཔ་ཅིག་ འཛུགས་སྐྱོང་འབད་བའི་སྐབས་ ཐོན་ཤུགས་ལེགས་ཤོམ་ཡོད་པའི་ཁར་ ཚོང་ལམ་ཡང་ ལེགས་ཤོམ་ཡོདཔ་ལས་ སྤྱི་ལོ་༢༠༡༦ ལུ་ བུམ་ཐང་ལུ་ ཁོ་རའི་ མཉམ་རོགས་དང་གཅིག་ཁར་ རྒྱ་ཆེ་དྲགས་སྦེ་ འགོ་བཙུགས་ཡོདཔ་ཨིན་པས།
ད་རེས་ སྨན་ཇ་དབྱེ་བ་༥ དེ་ཅིག་ བཟོ་དོ་ཡོདཔ་ད་ སྨན་ཇ་བཟོ་ནིའི་ ཇ་ཤིང་ག་ར་ ཁོང་རའི་ ས་གནས་ནང་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ འགྲེམ་སྟོན་དང་ མོ་བཏབ་དོན་ལུ་ སྔོ་ཤིང་དབྱེ་བ་༤༠ དེ་ཅིག་ འཛུགས་སྐྱོང་འབད་དེ་འདུག།

སྐམ་བཞག་མི་ སྔོ་ཤིང་གི་མེ་ཏོག་ཚུ།

དབང་ཕྱུག་ཀུན་དགའ་གིས་ སླབ་མིའི་ནང་ སྨན་ཇ་འཛུགས་སྐྱོང་འབད་དེ་ ཚོང་འབྲེལ་འཐབ་ནིའི་ གོ་སྐབས་ལེགས་ཤོམ་ཡོདཔ་ཨིན་རུང་ མཁོ་མངགས་དང་འཁྲིལ་ བཀྲམ་སྤེལ་འབད་མི་ཚུགས་པས་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོང་གི་ ཐོན་སྐྱེད་ཚུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ ཚོང་འབྲེལ་འགྲེམ་སྟོན་འབད་བར་ འབག་པའི་སྐབས་ ངོས་ལེན་ལེགས་ཤོམ་བྱུང་ཡོདཔ་ཨིན་རུང་ ཐོན་ཤུགས་ལས་ལྷག་པའི་ མཁོ་མངགས་འབད་དོ་ཡོདཔ་ལས་ ནང་འཁོད་ཀྱི་ མཁོ་མངགས་འཁྲིལ་ བཀྲམ་སྤེལ་འབད་མ་ཚུགས་པར་ཡོདཔ་ལས་ ཕྱིར་བཙོང་འགོ་མ་བཙུགས་ཟེར་ཨིནམ་ད་ ཚོང་ལམ་ལེགས་ཤོམ་ འཚོལ་བཞིན་དུ་ཡོད་ཟེར་ཨིན་པས།
ཐོན་ཤུགས་ཡར་སེང་འབད་ནིའི་དོན་ལུ་ སང་ཕོད་ལས་ བུམ་ཐང་རྫོང་ཁག་གི་ རྒེད་འོག་ག་རའི་ནང་ སྨན་ཇ་བཟོ་ནིའི་ སྔོ་ཤིང་གི་སོན་ཚུ་ ལས་སྡེ་གིས་ བཀྲམ་སྤེལ་འབད་ཞིནམ་ལས་ མི་ཚུ་ལུ་ འཛུགས་སྐྱོང་འབད་བཅུག་ནི་ཨིནམ་ད་ ཐོན་སྐྱེད་དེ་ ལས་སྡེ་གིས་ར་ ཉོ་ནི་ཟེར་ཨིནམ་ད་ དང་པ་ ཨུ་ར་ལས་ འགོ་བཙུགས་ནི་ཨིན་པས།
དབང་ཕྱུག་ཀུན་དགའ་གིས་ སླབ་མིའི་ནང་ སྨན་ཇའི་སོན་ འཛུགས་སྐྱོང་འབད་བ་ཅིན་ ཐོན་ཤུགས་ལེགས་ཤོམ་ཡོད་པའི་ཁར་ ལཱ་ཡང་ ཉུང་སུ་ཅིག་ལས་ འབད་མ་དགོ་པའི་ཁར་ རི་དྭགས་སེམས་ཅན་ཚུ་ལས་ ལོ་ཐོག་གཞན་བཟུམ་སྦེ་ སྲུང་སྐྱོབ་འབད་མ་དགོ་པའི་ ཁེ་ཕན་སྦོམ་ཡོད་ཟེར་ཨིན་པས།
ལོ་བསྟར་བསྟར་བཞིན་དུ་ ལས་སྡེ་གིས་ སྨན་ཇ་ཤོག་སྒམ་༡༥,༠༠༠ རེ་ བཟོ་སྐྲུན་འབད་དོ་ཡོདཔ་ཨིནམ་ད་ ཐོན་ཤུགས་དེ་གིས་ མཁོ་མངགས་ལང་མི་ཚུགས་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྨན་ཇ་བཟོ་ནིའི་ སྔོ་ཤིང་ཚུ་ ས་ཆའི་མཐོ་དམན་དང་འཁྲིལ་ འཛུགས་སྐྱོང་འབད་ནི་ཡོདཔ་ལས་ ཁོང་གི་ ལས་སྡེ་གིས་ མོང་སྒར་རྫོང་ཁག་ནང་ ལེ་མོན་ བཱར་བི་ན་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ན་གཞོན་ཚུ་གིས་ སྨན་ཇ་ཚུ་ རང་གིས་ སྤྲོ་བ་བསྐྱེད་དེ་ ལཱ་འབད་ཚུགས་པ་ཅིན་ ཚོང་འབྲེལ་འཐབ་ནི་ལུ་ དཀའ་ངལ་མེད་པའི་ཁར་ ལཱ་འབད་ནི་ཡང་ འཇམ་ཏོང་ཏོ་ཡོདཔ་ལས་ གོ་སྐབས་ལེན་དགོཔ་ གལ་ཆེ་ཟེར་ཨིན་པས།
ལས་སྡེ་དེ་ནང་ ཐོན་ཤུགས་ཆེ་ཤོས་ར་ ཀེ་མོ་མཱ་ལི་ཨིནམ་ད་ དེའི་དོན་ལུ་ སྤྱི་ཟླ་༣ པ་དེ་ཅིག་ནང་ སོན་འཛུགས་སྐྱོང་འབད་དེ་ སྤྱི་ཟླ་༥ པ་ལས་༧ པ་ཚུན་ བསྡུ་ནིའི་དུས་ཚོད་ཨིན་པས།
སྔོ་ཤིང་དེའི་ མེ་ཏོག་དེ་ བསྡུ་བསྒྱོམ་འབད་ཞིནམ་ལས་ སྐམ་བཞག་པའི་ཤུལ་ལས་ ཤོག་སྒམ་རྐྱབ་དོ་ཡོདཔ་ལས་ འཕྲུལ་རིག་སྦོམ་ ལག་ལེན་འཐབ་སྟེ་འབད་དགོ་པའི་ ལཱ་ཅིག་མེན་པས།
རྒྱལ་ཁབ་ནང་ འགོ་དང་པ་ཨིན་མི་ བྷུ་ཊཱན་ ཧར་བཱལ་ཊི་གིས་ མ་འོངས་པའི་ནང་ སྨན་ཇ་རྐྱངམ་གཅིག་མེན་པར་ སྣུམ་ཚུ་ཡང་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

 

ཉིམ་རྡོ་རྗེ། བུམ་ཟང་།

 

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *