གཏེར་སྒོ་ལའི་ས་ཁོངས།

སྦས་གནས་ཁྱད་པར་ཅན་ རོང་རྩེ་གནས་ལུ་ འགྱོ་སའི་གཙོ་ལམ་ གཏེར་སྲུང་གཏེར་སྒོ་ལའི་ལོ་རྒྱུས།

༉ ཧཱ་རྫོང་ཁག་གི་ ས་ཆ་མཐོ་ཚད་མི་ཊར་༤,༡༠༠ དེ་ཅིག་ནང་ ཆགས་ཡོད་མི་ གཏེར་སྲུང་གཏེར་སྒོ་ལ་དེ་ དུས་རབས་༨ པའི་ནང་ ཨྱོན་གུ་རུ་རིན་པོ་ཆེ་གིས་ སྦས་བཞག་མི་ གཏེར་ཚུ་གི་ སྒོ་བཟུམ་ཅིག་སྦེ་ ཆ་བཞགཔ་ཨིན་པས།
དེ་ཡང་ གུ་རུ་རིན་པོ་ཆེ་གིས་ མ་འོངས་སེམས་ཅན་ཚུ་གི་དོན་ལུ་ མཚོ་དང་བྲག་རི་ཚུ་ནང་ གཏེར་བརྒྱ་དང་བརྒྱད་དང་ གཏེར་མཚོ་བརྒྱ་དང་བརྒྱད་ སྦས་གནང་ཞིནམ་ལས་ བྱིན་གྱིས་བརླབས་གནང་པའི་ དགའ་སྐྱིད་གླིང་དང་ གསང་སྦས་ཁ་རྒེད་འོག་༢ པོ་དེ་ གཏེར་སྒོ་ལའི་རྒྱབ་ཁར་ ཆགས་ཏེ་འདུག།
གཏེར་སྲུང་གཏེར་སྒོ་ལའི་ལྟག་ལུ་ ཇོ་མོ་ཚེ་རིང་མའི་ གངས་རྫོང་ཕོ་བྲང་དང་བཅས་ ཇོ་མོ་གངས་རྫོང་སྒྲུབ་པའི་ རྒྱལ་མོ་ཟེར་ མཚན་བཏགས་ཏེ་ ཡུལ་ལྷ་གཞི་བདག་ཚུ་ག་ར་ བཀའ་སྲུང་སྦེ་ དམ་ལུ་བཅོལ་གནང་ཡོདཔ་བཞིན་དུ་ ཇོ་མོ་ཚེ་རིང་མའི་ ཕོ་བྲང་ཨིནམ་ལས་ ད་རེས་ནངས་པ་ཡང་ མི་ཚུ་གིས་ གཏེར་སྒོ་ལ་ལུ་ བསངས་མཆོད་ལ་སོགས་པ་ཚུ་ ཕུལ་དོ་ཡོདཔ་ཨིན་པས།
གཏེར་སྟོན་ཤེས་རབ་མེ་འབར་གྱི་ རྣམ་ཐར་ནང་ཡང་ གཏེར་སྟོན་གྱིས་ ནུབ་མཚོ་སྣ་པ་ཏྲ་དང་ སྦས་མཚོའི་ནང་ལས་ རིན་ཐང་ཆེ་བའི་ གཏེར་མང་རབས་ཅིག་ བཞེས་ཡོདཔ་བཞིན་དུ་ གཏེར་སྒོ་ལའི་འགོ་དང་ ན་ཐུ་ལའི་མཇུག་ལུ་ འབྲུག་དང་རྒྱ་གར་ དེ་ལས་ རྒྱ་ནག་རྒྱལ་ཁབ་༣ གྱི་ ས་མཚམས་ཡོད་མི་ ལམ་གསུམ་གྲམ་ལུ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ གཏེར་བརྒྱ་དང་བརྒྱད་དང་ གཏེར་མཚོ་བརྒྱ་དང་བརྒྱད་ གཏེར་སྦས་བཞག་མི་ བྲག་རི་དེ་ བཀྲིས་སྒོ་མང་ཨིནམ་སྦེ་ ཡིད་མོས་བསྐྱེད་དོ་ཡོད་མི་ལུ་བརྟེན་ གསང་སྦས་ཁ་ ན་ཁ་ལུ་ཡོད་མི་ བཀྲིས་སྒང་གཡུས་ཚན་གྱི་མིང་ཡང་ དེ་ལུ་བརྟེན་ ཐོབ་ཡོདཔ་སྦེ་ སླབ་སྲོལ་འདུག།
ལྟོ་འགོ་གནས་དང་ ཨ་ན་དགོན་པ་ ཤེལ་ཆུ་གནས་ ཆོས་རྒྱལ་ཐང་ ཡོ་ཁ་གནས་ ནུབ་རི་བ་ལམ་དང་ ཆུ་འཛོམས་ས་ཚུ་ཡང་ ཨྱོན་གུ་རུ་གིས་ ཞབས་ཀྱིས་བཅགས་གནང་སྟེ་ བྱིན་གྱིས་བརླབས་གནང་བའི་ སྦས་ཡུལ་ཁྱད་པར་ཅན་ཨིནམ་ད་ མ་གཞི་ དུས་རབས་དང་ ཚེས་གྲངས་ཚུ་ གཏན་འཁེལ་མེད་རུང་ མི་ཚུ་གིས་འབད་བ་ཅིན་ གླང་པ་ནོར་བུ་སྒང་ལྷ་ཁང་དང་ རྡོ་རི་ཁ་ལྷ་ཁང་ རྡོ་རི་མཐའ་ས་ལྷ་ཁང་ དེ་ལས་ ཨ་ན་དགོན་པ་དང་ ནབ་སྦྱིས་དགོན་པ་༥ དེ་ གུ་རུའི་སྦས་གནས་ཁྱད་པར་ཅན་ཚུ་ མི་ཉམས་གཏན་ཀྱང་བཞུགས་ནིའི་ བརྡ་མཚོན་ཨིན་ཟེར་ཨིན་པས།
ལྷ་ཁང་༥ དེ་ཡང་ ཤུལ་ལས་ ཞབས་དྲུང་འཇིགས་མེད་རྡོ་རྗེ་དང་ ཆོས་ལེགས་ཡེ་ཤེས་དངོས་གྲུབ་༢ ཀྱིས་ ཉམས་གསོ་ཞུ་ཞིནམ་ལས་ བཀྲིས་རབ་གནས་གནང་ཡོདཔ་ད་ རྡོ་རི་མཐའ་སའི་ལྷ་ཁང་གི་ རབ་གནས་དེ་ རྟ་ལོག་ལས་ གནང་ཡོདཔ་བཞིན་དུ་ ནང་རྟེན་གཙོ་བོ་ ཨྱོན་གུ་རུའི་ སྐུ་འདྲ་དེ་ཡང་ རྟ་ལོག་ལུ་ བཞེངས་ཡོདཔ་སྦེ་ བཤད་ནི་འདུག།
གཏེར་སྒོ་ལ་དེ་ གཏེར་སྟོན་ཤེས་རབ་མེ་འབར་དང་ འབྲེལ་བ་ཡོད་མི་དེ་ཡང་ ཧཱ་རྡོ་རི་ཁ་ལས་ སྐྱེས་ལོ་༦༥ ལང་མི་ ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ གཏེར་སྟོན་གྱིས་ སྤ་རོ་ལུ་ རྫོང་གཅིག་བཞེངས་ནིའི་དོན་ལུ་ གསེར་གྱི་ཀ་ཆེན་༤ སྦས་མཚོའི་ནང་ སྦས་བཞག་ཡོད་པའི་ ཉམས་སྣང་ནང་ གཟིགས་མི་ལུ་བརྟེན་ གསེར་གྱི་ཀ་ཆེན་༤ དང་ལྡན་པའི་ རྫོང་བཞེངས་ཞིནམ་ལས་ ཤུལ་བཞག་ཐབས་ལུ་དམིགས་ཏེ་ ཕྱག་ཞུ་མི་ཚུ་ འཁྱིད་ཞིནམ་ལས་ གཏེར་བཞེས་པར་ བྱོན་གནང་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྦས་མཚོ་དེ་ཁར་ ཕེབས་ཞིནམ་ལས་ གཏེར་སྟོན་གྱིས་ ང་གིས་ སྦལཔ་སྦོམ་ཅིག་ལུ་ སྤྲུལ་ཞིནམ་ལས་ མཚོའི་ཆུ་ག་ར་ འཐུང་སྡོད་པའི་སྐབས་ ཁྱེད་ཆ་ཁྱབ་ཀྱིས་ གསེར་དུམ་བཏོག་ཞིནམ་ལས་ ཀཝ་བཞོག་སྟེ་ སྟ་ཁམ་དང་ ཞོགས་ཀོ་ཚུ་ ཁྱེད་ར་འབག་སོང་ཟེར་ ཞལ་བཀོད་གནང་པའི་ཤུལ་ལས་ གཏེར་སྟོན་གྱིས་ སྦལཔ་གངས་རི་བཟུམ་ཅིག་ལུ་སྤྲུལ་ཏེ་ མཚོའི་ཆུ་ག་ར་ བཞེས་གནང་ནུག་ཟེར་ཨིན་པས།
དེ་ལས་ ཕྱག་ཞུ་མི་ཚུ་གིས་ གསེར་དུམ་བཏོགས་པའི་སྐབས་ སྟ་ཁམ་སྦོམ་སུ་སྦོམ་སུ་ཅིག་སྦེ་ བཏོགས་མི་ལུ་བརྟེན་ ཀཝ་ཐུང་ནི་མས་ཟེར་ གཏེར་སྟོན་ཐུགས་ཚ་གྱང་བཞེས་ཏེ་ ཕྱག་ཞུ་མི་ཚུ་ལུ་ སྟ་ཁམ་སྦོམ་སྦེ་ མ་སྤོག་ཟེར་ ཞལ་ཤོར་པའི་སྐབས་ ཆུ་ཐིག་པ་ཅིག་ ལྷ་པའི་ནང་ལས་ འཛགས་མི་ལུ་བརྟེན་ མཚོ་འཁྱིལ་མི་དེ་གིས་ ཕྱག་ཞུ་མི་དང་ གསེར་ག་ར་ ཐིམ་སོཔ་ཨིན་མས་ཟེར་ ཡེ་ཤེས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ དེ་ཁའི་མཚོ་སྨནམོ་གིས་ གཏེར་སྟོན་བདའ་འོངམ་ད་ གཏེར་སྟོན་གྱིས་ བྱི་ཅུང་ལུ་སྤྲུལ་ཏེ་ འབྱོག་འགྱོ་བའི་སྐབས་ མཚོ་སྨནམོ་གིས་ཡང་ བྱ་ཁྲི་ཧོར་པ་ལུ་ སྤྲུལ་ཞིནམ་ལས་ བདའ་འོང་སྟེ་ གཏེར་སྒོ་ལུ་ལྷོདཔ་ད་ གཏེར་སྒོ་ལའི་བཙན་གྱིས་ ཁོང་༢ ཀྱི་བར་ན་ དཔང་པོ་འབད་དེ་ མཚོ་སྨནམོ་གིས་ གཏེར་སྒོ་ལ་བརྒལ་ཏེ་ འགྱོ་ནི་མེདཔ་དང་ གཏེར་སྟོན་དང་ སྤ་རོ་སྤང་སྦས་ས་ལུ་ཡོད་མི་ ཁོ་རའི་མི་བརྒྱུད་ཚུ་གིས་ཡང་ གཏེར་སྒོ་ལ་བརྒལ་ཏེ་ མར་འོང་ནི་མེདཔ་སྦེ་ བར་ན་འཆམ་ཁ་འགྲིགས་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ད་ལྟོའི་བར་ན་ཡང་ གཏེར་སྟོན་གྱི་ མི་བརྒྱུད་ཚུ་གིས་ གཏེར་སྒོ་ལ་བརྒལ་འོང་པ་ཅིན་ གསང་སྦས་ཁ་ལུ་ གནམ་གཤིས་ལེགས་ཤོམ་ག་དེམ་ཅིག་ཡོད་རུང་ ཆརཔ་རྐྱབ་སྟེ་ ས་སྨུག་གསྤུབས་ནི་ཡོད་ཟེར་ ཡེ་ཤེས་རྡོ་རྗེ་གིས་ བཤདཔ་ཨིན་པས།
གཏེར་སྟོན་ཤེས་རབ་མེ་འབར་གྱིས་ སྲེག་ཏེག་ནང་ལས་ཡང་ གསེར་གཞོངམ་ཅིག་ གཏེར་བཞེས་ཡོདཔ་ད་ མ་གཞི་ གསེར་དེ་ནང་ཟེར་ཨིན་རུང་ ད་རེས་ནངས་པར་ བརྗོད་སྒྲ་ཉམས་ཏེ་ སྲེག་ཏེག་ནང་ཟེར་ སླབ་སྲོལ་ཡོདཔ་བཞིན་དུ་ གཏེར་སྟོན་གྱིས་ གཏེར་ཚུ་ སྒོ་ནོར་ཐོན་སྐྱེད་ མར་དང་དར་ཚིལ་ལུ་ བསྒྱུར་ཞིནམ་ལས་ སྲེག་ཏེག་ནང་ལུ་ སྦས་གནང་མི་ལུ་བརྟེན་ མི་ཚུ་གིས་འབད་བ་ཅིན་ ད་རེས་ནངས་པར་ གཡུས་ཚན་དེ་ནང་ སྒོ་ནོར་ཐོན་སྐྱེད་ལེགས་ཤོམ་འོང་མི་དེ་ དེ་ལུ་བརྟེན་ཨིནམ་སྦེ་ བཤད་སྲོལ་འདུག།
རྒྱན་ཀ་ནང་ལས་ དུས་ཡུན་ཚོད་༢ ལྷགཔ་ཅིག་གི་རིང་ སྣུམ་འཁོར་ནང་ འགྲོ་འགྲུལ་འབད་བའི་སྐབས་ གཏོར་སྒོ་ལ་ལུ་ ལྷོད་ཚུགས་པས་ཟེར་ ཞུ་ནི་ཨིན།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *