སྤྱིར་བཏང་མི་མང་གི་དོན་ལུ་ ཚ་རིམས་སྨན་ཁབ་ དུམ་གྲ་ཅིག་ཕྱི་ནི།

༉ གཞུང་གིས་ སྤྱི་ཟླ་༡༡ པའི་ནང་ལས་ སྤྱིར་བཏང་མི་མང་ལུ་ ཚ་རིམས་སྨན་ཁབ་རྐྱབ་ནིའི་ འཆར་གཞི་ཡོད་མི་དེ་ བདུན་ཕྲག་དག་པ་ཅིག་ ཕྱི་ནི་ཨིན་པས།
དེ་ཡང་ ཁ་ཙ་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ བཤད་མིའི་ནང་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ཕྱད་པའི་སྐབས་ བཤད་དོ་བཟུམ་འབད་བ་ཅིན་ ལྷོ་ཀོ་རི་ཡ་ལས་བཟོ་མི་ ཚ་རིམས་སྨན་ཁབ་དེ་ ད་ལྟོ་ ཀོ་རི་ཡ་གཞུང་གིས་ ཕྱིར་བཙོང་འཐབ་ནིའི་ བདག་དབང་ལེན་ཡོདཔ་ལས་ དུམ་གྲ་ཅིག་ ཕྱི་ནི་མས་ཟེར་ཨིན་པས།
སྨན་ཁབ་དེ་ མགྱོགས་སུ་སྦེ་ ལེན་ནིའི་དོན་ལུ་ ཕྱི་འབྲེལ་ལྷན་ཁག་གིས་ ལཱ་འབད་བའི་བསྒང་ཡོདཔ་ད་ ཀོ་བིཌ་-༡༩ གི་སྨན་ཁབ་ བཟོ་བའི་བསྒང་ཡོད་མི་ཚུ་ཡང་ རྒྱལ་ཁབ་ནང་ འབག་འོང་དགོ་པ་ཅིན་ ག་དེ་སྦེ་ འབག་འོང་ནི་ཨིན་ན་ཚུ་ གཞུང་ཚབ་ཡིག་ཚང་དང་གཅིག་ཁར་ བློ་སླབ་བཞིན་དུ་ཡོད་ཟེར་ཨིན་པས།
སྨན་ཁབ་དེ་ སྤྱི་ཟླ་༡༠ པའི་ནང་ལས་ ཉེན་ཁ་ཆེ་བའི་ས་ཁོངས་ཚུ་ནང་ ལཱ་འབད་མི་ཚུ་དང་ གཞན་ གདོང་ཁར་ཐོན་ཏེ་ ཁས་ བླངས་ཀྱི་ལཱ་འབད་མི་ཚུ་ལུ་ བཙུགས་ནི་འགོ་བཙུགས་ཡོདཔ་ཨིན་པས།
ཚ་རིམས་སྨན་ཁབ་དེ་ཡང་ ནད་ཡམས་ཐེངས་གཉིས་པ་འཐོན་ནི་ལས་ བཀག་ཐབས་བཟུམ་ཅིག་སྦེ་ གཞུང་གིས་ འབྲུག་མི་ག་ ར་ལུ་ བཙུགས་ནིའི་ལས་རིམ་ཅིག་སྦེ་ འགོ་བཙུགས་ཡོདཔ་ཨིན་པས།
གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ སྨན་ཁབ་དེ་གི་སྐོར་ལས་ འདས་པའི་དྲི་བཀོད་ནང་ བཤད་དོ་བཟུམ་འབད་བ་ཅིན་ ནད་ཡམས་ཐེངས་༢ པ་འཐོན་པ་ཅིན་ སྨན་ཁབ་དེ་གིས་ ཕན་ཐོགས་ནིའི་ ནུས་པ་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།
མོ་གིས་ གནམ་དགུན་དུས་ཚོད་ འ་ནེམ་ཅིག་ཁར་ ཚ་རིམས་འཐོན་མི་དང་ ཀོ་བིཌ་-༡༩ དེ་ཡང་ གཅིག་ཁར་འཐོན་པ་ཅིན་ སྨན་ཁང་ནང་འོང་མི་ ནད་པའི་གྱངས་ཁ་དེ་ ཡར་སེང་འགྱོ་ནི་ཨིནམ་ལས་ གསོ་བའི་ཞབས་ཏོག་ལུ་ འབྱེམ་སྦོམ་ཕོག་འོང་ ཟེར་བཤད་ནུག།
དེ་མ་ཚད་ ཚ་རིམས་ཐོབ་མི་ མང་སུ་འོངམ་ད་ སྨན་ཁང་ནང་ ནད་ཡམས་དོན་ལུ་ བརྟག་དཔྱད་འབད་མི་ཡང་ མང་སུ་འཐོན་ནི་ཨིནམ་ལས་ ཀོ་བིཌ་གི་སྨན་ཁབ་མེད་རུང་ ཚ་རིམས་ཐོབ་མིའི་གྱངས་ཁ་དེ་ ཉུང་སུ་བཞག་ཐབས་ལུ་ སྨན་ཁབ་དེ་ འགོ་ བཙུགས་ཡོདཔ་ཨིན་པས།
གཞུང་གིས་ མི་རློབས་བརྒྱ་ཆ་༦༥ དེ་ཅིག་ལུ་ སྨན་ཁབ་ཁྱབ་དགོ་པ་ཅིན་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༢༠ དེ་ཅིག་ གནས་ནིའི་ ཚོད་རྩིས་བཏོན་ཡོདཔ་ད་ བློན་པོ་གིས་ ཚ་རིམས་ཀྱི་སྨན་ཁབ་དེ་ དུས་ཚོད་བཀོད་མི་ནང་འཁོད་ བཙུགས་དགོཔ་ཨིན་ཟེར་ བཤད་ནུག།
ན་ཧིང་གི་ལོ་ནང་ གསོ་བ་ལྷན་ཁག་གིས་ ཚ་རིམས་སྨན་ཁབ་དེ་ སྐྱེས་ལོ་༦༥ ཡན་ཆད་འབད་མི་དང་ ཨ་ལོ་སྐྱེས་ལོ་༥ འོག་རྒྱུ་འབད་མི་ དེ་ལས་ ཨ་ལོ་སྐྱེ་ནི་ཡོད་མི་དང་ གཞན་ཡང་ གསོ་བ་ནང་ལཱ་འབད་མི་དང་ ཧེ་མ་ལས་ ནད་གཞི་ཐོབ་ཡོད་མི་ཚུ་ལུ་ བྱིན་ནི་འགོ་བཙུགས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *