གསར་བསྒྲུབས་འབད་མི་ བདེན་མཆིས་རྫོང་།

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས།
དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ བར་ན་ལས་ བཅད་རྐྱབ་ཚར་ཡོད་རུང་ ད་རེས་ གསང་སྤྱོད་ཀྱི་དོན་ལས་ ཅ་ཆས་ཚུ་ བཙུགས་སྒྲིག་འབད་ནི་རྐྱངམ་གཅིག་ མཇུག་བསྡུ་མ་ཚུགས་པས།
རྫོང་གསར་བཞེངས་ཀྱི་ ལས་འགུལ་འཛིན་སྐྱོང་པ་ ལྷ་རྟེན་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་འགུལ་གྱི་ དུས་ཚོད་དེ་ ཟླཝ་འདི་ནང་ རྫོགས་དོ་ཡོདཔ་ལས་ བཟོ་སྐྲུན་གྱི་ ལཱ་ཚུ་ཡང་ མཇུག་བསྡུ་ཡི་ཟེར་ཨིནམ་ད་ ད་ལྟོ་ དབུ་རྩེའི་ཁྱིམ་ཐོག་བཀབ་ནི་དང་ གྱང་རྩིག་ཚུ་ནང་ རྡོ་ཀ་མ་རུ་པའི་རྡོ་ལེབ་སྦྱར་ནི་རྐྱངམ་གཅིག་ ལུས་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཁྱིམ་ཐོག་ལྕགས་ཤོག་དང་ སྦྱར་ལེབ་ལ་སོགས་པ་ཚུ་ དུས་ཚོད་ཁར་ ནང་འདྲེན་འབད་མ་ཚུགསཔ་ལས་ མཇུག་བསྡུ་མ་ཚུགས་ཟེར་ཨིནམ་ད་ དེ་མེན་ འདས་པའི་ཟླཝ་ནང་ར་ མཇུག་བསྡུ་བསྡུཝ་འོང་ཟེར་ཨིན་པས།
ལྷ་རྟེན་རྡོ་རྗེ་གིས་འབད་བ་ཅིན་ སྦྱར་ལེབ་དང་ ཁྱིམ་ཐོག་ཚུ་ བཀབ་ཆོག་ཆོ་ཡོདཔ་བཞིན་དུ་ ཅ་ཆས་དེ་ཚུ་ཡང་ འཕྲལ་མགྱོགས་ར་ ལྷོད་ནི་ཨིནམ་ལས་ ཟླཝ་འདི་ནང་ མཇུག་བསྡུ་ཞིནམ་ལས་ རྩིས་ཞིབ་ཀྱི་ལཱ་ཚུ་ མཇུག་བསྡུ་བའི་ཤུལ་ལུ་ རྫོང་གསརཔ་དེ་ རྫོང་ཁག་བདག་སྐྱོང་ལུ་ རྩིས་སྤྲོད་ནི་ཟེར་ཨིན་པས།
མ་གཞི་ རྫོང་གསར་བཞེངས་ཀྱི་ལཱ་དེ་ སྤྱི་ལོ་༢༠༡༨ ལུ་ མཇུག་བསྡུ་དགོཔ་ཨིན་རུང་ གཟིགས་རས་ཀྱི་ཚབ་ལུ་ དབུ་རྩེ་ངེས་པར་དུ་ རྐྱབ་དགོཔ་སྦེ་ གཞུང་ལས་ བཀའ་རྒྱ་ལྷོད་མི་ལུ་བརྟེན་ སྤྱི་ལོ་༢༠༡༧ ལུ་ ལས་བྱེད་ཚོགས་ཆུང་གིས་ ཞལ་འཛོམས་འཚོགས་ཐོག་ལས་ དུས་ཚོད་དེ་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ ཕར་འགྱངས་འབད་ཡོདཔ་ཨིན་པས།
དབུ་རྩེའི་བཟོ་བཀོད་དེ་ སྤྱི་ལོ་༢༠༡༥ ཟླ་༡༢ པའི་ནང་ལྷོད་རུང་ བཟོ་བཀོད་ལུ་ དུམ་གྲ་ཅིག་ དཀའ་ངལ་ཡོད་མི་ལུ་བརྟེན་ སྤྱི་ལོ་༢༠༡༦ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ ལཱ་དབྱེ་རིམ་༡ པ་དང་༢ པའི་ གཞི་འགྱམ་ཡང་ དབུ་རྩེ་དང་གཅིག་ཁར་ཡོདཔ་ལས་ ལཱ་འབད་མ་ཚུགས་པར་ བཞག་དགོཔ་ ཐོན་ཡོདཔ་ཨིན་པས།
རྫོང་གི་དབུ་རྩེ་དེ་ ཐོག་ཚད་༥ དེ་ཅིག་ཡོད་མི་དེ་ རྒྱལ་ཁབ་ནང་ དབུ་རྩེ་སྦོམ་ཤོས་ཅིག་ འོང་ནི་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། པདྨ་དགའ་ཚལ།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *