སྤྱི་ཟླ་༤ པའི་ཚེས་༧ ལུ་ འབྲུག་གིས་ མགར་ས་ལུ་ འཛམ་གླིང་གསོ་བའི་ཉིནམ་ བརྩི་སྲུང་འབདཝ་ད་ ལ་ཡའི་ཨམ་སྲུ་ཚུ་གིས་ ཞབས་ཁྲ་སྤྱན་འབུལ་ཞུ་བའི་བསྒང་།

སྤྱི་ཟླ་༤ པ་འདི་ མངལ་སྒོའི་ཀེན་སར་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ཟླཝ་ཨིནམ།

༉ མགར་ས་ལུ་ ཉིན་གྲངས་གསུམ་གྱི་རིང་ ཨམ་སྲུའི་བུ་ཚང་གི་ བརྟག་དཔྱད་དང་ སྨན་བཅོས་འབད་ཐོག་ལས་ འབྲུག་གིས་ སྤྱི་ཟླ་༤ པའི་ཚེས་༧ ལུ་ འཛམ་གླིང་གསོ་བའི་ཉིནམ་ བརྩི་སྲུང་འབད་ཡི།
དེ་ཡང་ མགར་ས་རྫོང་ཁག་ ཁ་སྟོད་དང་ ཁ་སྨད་ ལ་ཡ་རྒེད་འོག་ཚུ་ལས་ ཨམ་སྲུ་༢༥༠ ལྷགཔ་ཅིག་གིས་ སྤྱི་ཟླ་༤ པའི་ཚེས་༤ ལས་ བུ་ཚང་བརྟག་དཔྱད་ཐོག་ སྨན་བཅོས་འབད་ནུག།
འཛམ་གླིང་གསོ་བའི་ཉིནམ་དེ་ འབྲུག་ལུ་ སར་བི་ཀཱལ་ཀེན་ཟེར་ ཨམ་སྲུའི་མངལ་སྒོ་ལུ་ཕོག་པའི་ ནད་གཞི་རྩ་མེད་གཏང་ནིའི་ བརྗོད་དོན་ཐོག་ བརྩི་སྲུང་འབད་ཡོདཔ་ད་ དུས་ཅི་ ཇེ་ནི་བ་ལུ་ འཛམ་གླིང་གསོ་བའི་འདུས་ཚོགས་ཀྱི་ འཛིན་སྐྱོང་བཀོད་ཁྱབ་ཞལ་འཛོམས་ནང་ འབྲུག་གིས་ མངལ་སྒོའི་ཀེན་སར་ རྩ་མེད་གཏང་ནི་གི་ ཁས་བླངས་འབད་ཡོདཔ་ཨིན་པས།
མི་མང་གསོ་བའི་ལས་ཁུངས་ཀྱི་གཙོ་འཛིན་ རྡོ་རྗེ་ཕུརཔ་གིས་ སླབ་མིའི་ནང་ ཨམ་སྲུ་༢༥༣ ལུ་ བརྟག་དཔྱད་འབད་མི་ལས་༡༡༩ གིས་ ད་རེས་འགོ་དང་པ་ བུ་ཚང་གི་ བརྟག་ཞིབ་འབད་ཡོདཔ་བཞིན་དུ་ ཨམ་སྲུ་༣༣ ལུ་ དེ་འཕྲོ་ལས་ སྨན་བཅོས་འབད་བྱིན་ཡི་ཟེར་ཨིན་པས།
ཚང་བརྟག་དང་ སྨན་བཅོས་ཀྱི་དོན་ལུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ མགར་ས་གཞི་རྟེན་སྨན་ཁང་ དེ་ལས་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་ ཕུན་ཚོགས་གླིང་སྨན་ཁང་ཚུ་ལས་ གསོ་བའི་ལས་བྱེདཔ་༡༩ འབད་མི་ སྡེ་ཚན་ཅིག་བཞག་ནུག།
ཁ་སྟོད་རྒེད་འོག་ལས་ སྐྱེས་ལོ་༥༠ ལང་མི་ ལྷ་མོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཨམ་སྲུ་ཚུ་གིས་ ཚང་བརྟག་འབད་ནི་ལུ་ ངོ་ཚ་སྟེ་ སྨན་ཁང་ནང་ འགྱོ་མི་བཏུབ་ཟེར་ཨིནམ་ད་ མོ་ལུ་ བུམོ་ལེ་ཤ་ཡོདཔ་ལས་ བུ་ཚང་བརྟག་དཔྱད་འབད་དགོཔ་སྦེ་ སླབ་དོ་ཟེར་ ལྷ་མོ་གིས་ བཤད་པའི་ཁར་ ད་རེས་ནངས་པར་ བརྟག་དཔྱད་དང་ སྨན་བཅོས་འབད་མི་ ཨམ་སྲུ་ཌོག་ཊར་ལེ་ཤ་ཡོདཔ་ལས་ གདོང་ལེན་བྱུང་དགོཔ་མིན་འདུག་ཟེར་ བཤདཔ་ཨིན་པས།

བུ་ཚང་གི་ བརྟག་དཔྱད་འབད་བར་འོང་མི་ ཨམ་སྲུ་ཚུ།

གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ བཤད་མིའི་ནང་ ཚང་བརྟག་ལས་རིམ་དེ་ སྤྱི་ལོ་༢༠༠༦ ལུ་ འགོ་བཙུགས་ཡོདཔ་དུ་ མངའ་སྒོའི་ཀེན་སར་དེ་ སྔོན་འགོག་དང་ སྨན་བཅོས་འབད་བཏུབ་པའི་ ནད་གཞི་ཨིནམ་ལས་ རྒྱལ་ཁབ་ནང་ ཀེན་སར་རྩ་མེད་གཏང་ནི་དེ་ སྤྱི་རུབ་ཀྱི་ འགན་ཁུར་ཨིན་ཟེར་ཨིན་པས།
ཚང་བརྟག་གི་ ཞབས་ཏོག་སྤྱོད་མི་ མང་ཤོས་ར་ ལ་ཡ་རྒེད་འོག་ལས་ ཨམ་སྲུ་ཚུ་ འོང་ཡོདཔ་ད་ བསྟན་འཛིན་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འདི་བཟུམ་མའི་ ཞབས་ཏོག་ཚུ་ མགར་ས་ལུ་ མཁོ་སྤྲོད་མ་འབད་བ་ཅིན་ ཁོང་ཆ་ཁྱབ་ སྤུ་ན་ཁ་དང་ དབང་འདུས་སྨན་ཁང་གང་རུང་གཅིག་ནང་ འགྱོ་དགོཔ་བཞིན་དུ་ ཟད་འགྲོ་ཡང་ ཐེབས་གནས་འོང་ཟེར་ཨིན་པས།
སྨན་ཁང་ཚུ་ནང་ ཚང་བརྟག་འབདཝ་ད་ བདུན་ཕྲག་༢ ལས་ཟླཝ་༢ ཚུན་ འགོར་དོ་ཡོདཔ་མ་ཚད་ ད་རུང་ སྨན་བཅོས་འབད་དགོ་པ་ཅིན་ ཌོག་ཊར་དང་ ཕྱད་ནི་གི་ དུས་ཚོད་བཟོ་བའི་བསྒང་ལས་ ཟླཝ་༢ ཧེང་སྐལ་འགོར་ནི་ཨིན་པས།
ད་རེས་ ཨམ་སྲུ་སྐྱེས་ལོ་༢༥ ལས་༦༥ གི་བར་ན་འབད་མི་ཚུ་ བུ་ཚང་བརྟག་དཔྱད་འབད་དགོ་པའི་ གྲོས་འདེབས་བཀོདཔ་མ་ཚད་ གལ་སྲིད་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ཚུ་ལུ་ཡང་ དགོས་མཁོ་དང་འཁྲིལ་ སྨན་བཅོས་འབད་བྱིནམ་ཨིན་པས།
གསོ་བ་ལྷན་ཁག་གིས་ ཞབས་ཏོག་དེ་ཚུ་ ལུང་ནག་ནང་ལུ་སྡོད་མི་ ཨམ་སྲུ་ཚུ་ལུ་ཡང་ མཁོ་སྤྲོད་འབད་ནི་གི་ འཆར་གཞི་ཡོདཔ་ད་ དེཡང་ རྒེད་འོག་དེ་གི་ མི་སེར་ཚུ་ གནམ་དགུན་ལུ་ མཐའ་ས་ལུ་འོངམ་ད་ འགོ་འདྲེན་འཐབ་འོང་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
མངལ་སྒོའི་ཀེན་སར་དེ་ ལོ་ཚད་མ་ལངམ་ལས་ ལུས་འབྲེལ་འབད་མི་དང་ མི་ལེ་ཤ་དང་ འདོད་སྤྱོད་འབད་བ་ཅིན་ ཐོབ་ཉེན་ཡོདཔ་ད་ ནད་གཞི་དེ་ ལུས་འབྲེལ་མ་འབད་བའི་ ཨམ་སྲུ་ཚུ་གིས་ མི་ཐོབ་ནི་ཨིན་པས།
སྤྱི་ཟླ་༤ པ་འདི་ མངའ་སྒོའི་ཀེ་སར་གྱི་ཟླཝ་སྦེ་ བརྩི་འཇོག་འབད་མི་དང་བསྟུན་ རྒེད་འོག་ཚུ་ནང་ཡོད་མི་ བཙག་འཐུའི་བརྡ་བྱང་ཚུ་ ལག་ལེན་འཐབ་སྟེ་ ཀེན་སར་ནད་གཞིའི་སྐོར་ལས་ མི་མང་ལུ་ བརྡ་དོན་དང་ ཤེས་ཡོན་ཚུ་ སྤེལ་ནི་ཨིནམ་ད་ རྒྱལ་ཁབ་ནང་འཁོད་ལུ་ བརྡ་དོན་སྤེལ་ནིའི་བརྡ་བྱང་༥༥༠ ལྷགཔ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *