སྤྱི་ཚོགས་ཀྱིས་ མི་དབང་རྒྱལ་བཙུན་རྣམ་གཉིས་ལུ་ བཀའ་དྲིན་དགའ་ཚོར་ཞུ་ཡོདཔ།

༉ ཁ་ཙ་ སྤྱི་ཚོགས་༣ པའི་ ཚོགས་ཐེངས་གསུམ་པ་ འགོ་བཙུགས་ཀྱི་ རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་གནང་ཡོདཔ་བཞིན་དུ་ གནམ་དགུན་གྱི་ ཚོགས་བཞུགས་དེ་ཡང་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ མཛད་རིམ་དང་བཅས་ འགོ་བཙུགས་གནང་ཡི།
རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ བྱོན་པ་ལེགས་སོའི་ བསུ་བ་ཕུལཝ་དང་འབྲེལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ལུ་ སྐུ་འོ་བརྒྱལ་བ་དང་ ཐུགས་འཚེར་བ་ལུ་ མ་གཟིགས་པར་ རྒྱལ་ཁབ་ཀྱི་ མཐུན་འབྲེལ་གོང་འཕེལ་དང་ རྩ་བརྟན་གནས་ཐབས་ཀྱི་དོན་ལུ་ ཇ་པཱན་དང་ ཡུ་ཨེསི་ཨེ་རྒྱལ་ཁབ་ནང་ ཆེ་མཐོའི་གཞུང་འབྲེལ་གཟིགས་སྐོར་ གནང་པའི་ཞོར་ཁར་ འབྲུག་མི་ ཤེས་ཡོན་སྦྱང་མི་ ན་གཞོན་ཚུ་དང་ རང་གི་མི་ཚེ་གསོ་སྐྱོང་གི་དོན་ལུ་ ལཱ་འབད་སྡོད་མི་ཚུ་དང་ མཇལ་ཕྲད་གནང་སྟེ་ ཞལ་བཀོད་དང་ ལམ་སྟོན་བཟང་པོའི་བཀའ་སློབ་ གསུངས་གནང་མི་དེ་གིས་ ཕར་ལུ་ཡོད་པའི་ འབྲུག་མི་ཚུ་གིས་ རང་གི་རྒྱལ་ཁབ་ལུ་ བདག་སྣང་དང་ བརྩེ་གདུང་བསྟེན་ཚུགས་པའི་ གོ་སྐབས་གནང་མི་དེ་ལུ་ སྤྱི་ཚོགས་ཀྱི་ ཁ་ཐུག་ལས་ སེམས་ཀྱི་གདིང་ལས་ར་ བཀའ་དྲིན་ཆེ་ཟེར་ཞུ་ཡི།
རྒྱལ་ཡོངས་དུས་ཆེན་ཐེངས་༡༡༢ པ་བརྩི་སྲུང་ཞུ་བའི་སྐབས་ མི་དབང་མཆོག་གིས་ རྒྱལ་ཡོངས་ལུ་ དོན་ཚན་ཁག་༣ ལུ་ གཞིར་བཞག་སྟེ་ ལམ་སྟོན་དང་ བཀའ་སློབ་གསུངས་གནང་མི་དེ་ཡང་ དང་པ་ དུས་རབས་༢༡ པའི་ དཔལ་འབྱོར་གྱི་ལམ་དེ་ ཧིང་སངས་ས་སྦེ་བཟོ་དགོཔ། གཉིས་པ་ རྒྱལ་ཁབ་ནང་ གཅིག་མཐུན་དང་ གཅིག་སྒྲིལ་གྱི་སྒོ་ལས་ ལཱ་འབད་སའི་ས་ཁོངས་ གོ་ཡངས་ཏོག་ཏོ་དང་ སྟབས་བདེ་ཏོག་ཏོ་བཟོ་དགོཔ། གསུམ་པ་ ན་གཞོན་གྱི་ གནས་སྟངས་དེ་ སྒྲིང་སྒྲི་ཡོདན་ རྒྱལ་ཁབ་ཡང་ ལས་ཀྱིས་ར་ སྒྲིང་སྒྲི་འགྱོ་ རོགས་རྒྱལ་ཁབ་གཞན་ཁར་ ལོ་སྦེ་འགོར་མི་ཚུ་ འབྲུག་ལུ་ ཟླཝ་༡ དང་༢ ཀྱི་ ལཱ་ཨིནམ་ད་ དཀའ་ངལ་དེ་ཚུ་ ལོ་༡ དང་༢ ཀྱི་ནང་འཁོད་ལུ་ བསལ་དགོ་པའི་ ཐུགས་ཚ་གྱང་བཞེས་ཡོད་ལུགས་ཀྱིས་མ་ཚད་པར་ རྒྱལ་ཁབ་ཀྱི་ མ་འོངས་པའི་ གནས་སྟངས་ཚུ་གི་སྐོར་ལས་ དྲན་གསོ་དང་ ལམ་སྟོན་གསུངས་གནང་མི་དེ་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ བསམ་གྱིས་མི་ཁྱབ་པའི་ བཀའ་དྲིན་དགའ་ཚོར་ཕུལཝ་ཨིན་ཟེར་ ཚོགས་དཔོན་གྱིས་ཞུ་ཡི།
ཚོགས་དཔོན་གྱིས་ མི་དབང་མཆོག་གི་ཞབས་ལས་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ མི་སེར་གྱི་ བདེ་སྐྱིད་འབྱུང་ཐབས་ལུ་ བདེ་སྲུང་པའི་ ལས་རིམ་གཞི་བཙུགས་མཛད་གནང་མི་དེ་གིས་ རྒྱལ་ཁབ་ནང་ ག་ནི་བ་ ཕན་རླབས་ཅན་གྱི་ གྲུབ་འབྲས་བྱུང་པའི་གུ་ འབྲུག་པའི་ན་གཞོན་ཚུ་ ལྕོགས་གྲུབ་སྒྲིང་སྒྲི་བཟོ་ནིའི་དོན་ལུ་ བླ་ན་མེད་པའི་ ཐུགས་ཀྱི་དགོངས་བཞེད་རྒྱ་ཆེཝ་སྦེ་གཟིགས་ཏེ་ རྒྱལ་སྲུང་ཟེར་བའི་ ལས་རིམ་ཅིག་ མགྱོགས་པ་ར་ གཞི་བཙུག་མཛད་གནང་ནི་ཨིན་མི་དེ་ ཐུགས་ཀྱི་དགོངས་བཞེད་ལྟར་དུ་ འགྲུབ་ཚུགས་པའི་ རེ་སྨོན་ཕུལ་ནི་དང་གཅིག་ཁར་ བཀའ་དྲིན་ཆེ་ཟེར་ཞུ་ཡི།
དེ་མ་ཚད་ མི་དབང་མཆོག་གི་ཞབས་ལས་ གནམ་ལོ་བྱི་ལོ་ནང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་གི་ སྐུ་མཆེད་ཅིག་ སྐུ་འཁྲུངས་ནི་ཨིན་པའི་ གསལ་བསྒྲགས་མཛད་གནང་མི་དེ་གིས་ འབྲུག་མི་ཡོངས་ཀྱི་ སེམས་ལུ་དགའ་བ་དང་ དཔའ་ཉམས་སྦོམ་སྦེ་ར་ བྱུང་ཡོདཔ་དང་གཅིག་ཁར་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ ག་ནི་བ་ རྩ་ཆེ་བའི་ དབང་ཕྱུག་བརྒྱུད་འཛིན་གྱི་ འབྱུང་གནས་དེ་ ཡུན་ནས་ཡུན་དུ་བརྟན་པའི་ རྟེན་འབྲེལ་ཅིག་ཨིནམ་ལས་ མི་དབང་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ལུ་ སེམས་ཀྱི་གདིང་ལས་ར་ བཀའ་དྲིན་དགའ་ཚོར་ཕུལ་ནི་ཨིན་ཟེར་ ཚོགས་དཔོན་གྱིས་ཞུ་ཡི།
ད་རུང་ མི་དབང་མཆོག་གིས་ འབྲུག་གི་རྩ་བ་གསུམ་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཕྱིད་ཞུ་བའི་ ངོས་འཛིན་ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་གྱིས་གཙོས་པའི་ མི་ངོམ་དག་པ་ཅིག་ལུ་ རྒྱལ་ཡོངས་གཟེངས་བསྟོད་ཀྱི་ འབྲུག་དབང་རྒྱལ་དང་ འབྲུག་ཐུགས་སྲས་ དེ་ལས་ གསེར་གྱི་རྟགས་མ་གནང་མི་དེ་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀའ་དྲིན་ཆེ་ཟེར་ཞུ་ཡི།
ཚོགས་པ་གིས་ གསུངས་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་མི་ཡོངས་ལུ་ ཐུགས་བྱམས་པ་དང་ བརྩེ་བ་གཟིགས་དང་ གཟིགས་བཞིན་པའི་སྒོ་ལས་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ སྤ་རོ་རྫོང་ཁག་གི་མི་སེར་གུང་པ་༨,༥༣༢ རྩིས་པའི་ རྫོང་ཁག་ ༡༨ ཀྱི་ མི་སེར་གུང་པ་ ༡༣༡,༨༠༡ ལུ་ ས་ཆ་ཨེ་ཀར་བསྡོམས་༡༣༧,༧༤༥ ལྷགཔ་ཅིག་ སྐྱིད་སྡུག་གནང་མི་དེ་ལུ་ཡང་ སྤྱི་ཚོགས་ཀྱི་ ཁ་ཐུག་ལས་ བཀའ་དྲིན་ཆེ་ཟེར་ཞུ་ཡི།
མི་དབང་རྒྱལ་བཙུན་མཆོག་གིས་ སྐྱབས་འཛིན་མཛད་ཐོག་ལས་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ གཞི་བཙུགས་མཛད་གནང་པའི་གུ་ སྤྱི་ཚོགས་ཀྱིས་ དེ་དང་བསྟུན་པའི་ བཅའ་ཁྲིམས་ཚུ་ཡང་ ཆ་འཇོག་གྲུབ་གནངམ་བཞིན་དུ་ འཕྲལ་ཁམས་ཅིག་ཁར་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱིས་ རྒྱལ་སྤྱིའི་ཉེན་སྒྲོལ་ཚོགས་པ་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་དེ་གིས་ རྒྱལ་ཁབ་ནང་ རྐྱེན་ངན་ཚུ་འབྱུང་པའི་སྐབས་ ཚོགས་པའི་འཐུས་མི་ རྒྱལ་ཁབ་༡༩༠ གི་ནང་ལས་ རྒྱབ་སྐྱོར་ཚུ་ ལེགས་ཤོམ་སྦེ་ར་ འཐོབ་ནི་གི་ ཁེ་ཕན་བཟོ་གནང་མི་དེ་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ མི་དབང་མངའ་ཞབས་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ བཀའ་དྲིན་ཆེ་ཟེར་ཞུ་ཡི།
ད་རུང་ ཚོགས་དཔོན་གྱིས་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་དང་ བླ་སློབ་མཁན་སྤྲུལ་ཡོངས་ཀྱིས་ རྒྱལ་ཁབ་ཀྱི་ བསྟན་སྤྱིའི་སྐུ་རིམ་དང་ མི་སེར་གྱི་ དགའ་སྐྱིད་འབྱུང་ཐབས་ལུ་ ཆོས་ཕྱོགས་ཀྱི་ ལས་རིམ་ རྣམ་པ་སྣ་ཚོགས་མཛད་གནང་མི་དེ་ལུ་ཡང་ བཀའ་དྲིན་དགའ་ཚོར་ཕུལ་ཡི།
དུས་ཅིའི་ གནམ་དགུན་གྱི་ ཚོགས་རིམ་ནང་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ ག་ནི་བ་ཁག་ཆེ་བའི་ དཔྱད་ཡིག་གསརཔ་དང་ འཕྲི་སྣོན་གྱི་ དཔྱད་ཡིག་ཚུ་གི་ ནང་གསེས་ལས་ འོང་འབབ་ཁྲལ་གྱི་ འཕྲི་སྣོན་དཔྱད་ཡིག་ལ་སོགས་པའི་ ཁྲལ་གྱི་དཔྱད་ཡིག་ཚུ་གུ་ གསུང་གྲོས་རྒྱས་པར་ གནང་ནི་ཨིན་པས།
དེ་མ་ཚད་ རྒྱལ་སྤྱིའི་མཐུན་གྲོས་ཚུ་དང་ གཞན་སྤྱི་ཚོགས་ཀྱི་ ལམ་ལུགས་ལྟར་དུ་ དྲི་བ་དྲིས་ལན་དང་ གྲོས་དོན་གྱི་ལས་རིམ་ དེ་ལས་ རྒྱལ་ཡོངས་གྲུབ་འབྲས་གཙོ་ཅན་ ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་འགྲུབ་ཐབས་ལུ་ ཚོགས་ཆུང་གི་སྙན་ཞུ་ཁག་༣ དང་ སྤྱི་ཚོགས་ལྷན་བཞུགས་ཐོག་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྙན་ཞུ་དང་བསྟུན་ དམངས་རྩིས་ཚོགས་ཆུང་གི་སྙན་ཞུ་ཁག་༣ དེ་ཅིག་གུ་ གསུང་གྲོས་གནང་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *