སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ ངོ་རྟགས་ལོག་པར་སྐྲུན་འབད་ནི།

༉ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ ཕྱིའི་རྒྱལ་ཁབ་དང་ ནང་འཁོད་ལུ་ བཀག་ཆ་མེད་པར་ འགྱོ་ནི་གི་ ལྷན་ཐབས་ལུ་ འཐུས་མི་ཨིན་པའི་ དམིགས་བསལ་གྱི་ ངོ་རྟགས་ཅིག་ བཏགས་ནི་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ཡིག་ཚང་དང་འཁྲིལཝ་ད་ ངོ་རྟགས་དེ་ཡང་ གཙོ་བོ་ར་ ཚོགས་བཞུགས་མིན་པའི་སྐབས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་སྦེ་ ངོས་འཛིན་ལུ་ བཏགས་དགོཔ་ཨིན་པས།
དྲུང་ཆེན་ཡིག་ཚང་གིས་ ངོ་རྟགས་ཚུ་ པར་སྐྲུན་འབད་ཡོདཔ་བཞིན་དུ་ འཐུས་མི་ཚུ་གིས་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ ནང་འཁོད་ཞལ་འཛོམས་ནང་ ཐོབ་དགོཔ་ཅིག་ཨིན་པས།
དྲུང་ཆེན་ཡིག་ཚང་གིས་ ངོ་རྟགས་བཙུགས་སའི་ པགས་ཀོ་གིས་ བཟོ་ཡོད་པའི་ གྲྭ་ཕོད་ཅིག་ཡང་ མཁོ་སྒྲུབ་འབད་ཡོད་པའི་ཁར་ ངོ་རྟགས་ལག་ལེན་གྱི་ སྒྲིག་གཞི་ཡང་ བཟོ་སྟེ་ཡོདཔ་ཨིན་པས།
ཨིན་རུང་ བློན་ཆེན་བརྩིས་ཏེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ཚུ་གིས་ ངོ་རྟགས་བཏགས་མི་ཚུ་ བཀག་ཆ་མེད་པར་ གཏང་དགོ་པའི་ ཡི་གུ་བྲིས་ཏེ་ཡོད་མི་ལུ་ ངོས་ལེན་མེད་མི་ལུ་བརྟེན་ ལོག་པར་སྐྲུན་འབད་ནི་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཐེངས་༤ པ་ལས་ ཚོགས་རྟགས་བཏགས་ནི་ བཤོལ་བཞག་དགོ་པའི་ གྲོས་འཆར་བཙུགས་ཡོད་རུང་ འཐུས་མི་ཚུ་གིས་ གྲོས་འཆར་དེ་ལུ་ ངོས་ལེན་མེདཔ་ལས་ ཚོགས་རྟགས་དེ་ ཨ་རྟག་ག་ཨིནམ་སྦེ་ ལག་ལེན་འཐབ་ནི་ཨིནམ་ད་ ཚོགས་རྟགས་དེ་ རྒྱལ་ཡོངས་ཚོགས་འདུ་ནང་མ་གཏོགས་ ཕྱི་ཁ་ལས་ཕར་ བཏགས་ནི་མེདཔ་ཨིན་པས།
དབང་འདུས་ཕོ་བྲང་ཨ་ཐང་-ཐེ་ཚོ་གི་འཐུས་མི་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ འཐུས་མི་ཚུ་གིས་ ཚོགས་རྟགས་བཤོལ་བཞག་ནི་ལུ་ ངོས་ལེན་འབད་མ་བཏུབ་མི་དེ་ཡང་ ཚོགས་རྟགས་དེ་ དམངས་གཙོའི་རིང་ལུགས་ འགོ་མ་བཙུགས་པའི་ ཧེ་མ་ལས་ར་ ལག་ལེན་འཐབ་སྟེ་ཡོད་མི་ ལམ་ལུགས་དེ་ རྒྱུན་འཛིན་འབད་ཐབས་ལུ་ཨིན་ཟེར་ཨིན་པས།
ནང་འཁོད་ཚོགས་ཆུང་གིས་ ངོ་རྟགས་དེ་ལུ་ བསྒྱུར་བཅོས་ག་འབད་དགོཔ་ཨིན་ན་ བལྟ་ནི་ཨིན་པས།
ཚོགས་ཆུང་གི་ཁྲི་འཛིན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ངོ་རྟགས་ཀྱི་ བཟོ་བཀོད་དང་ ངེས་ཚིག་ཚུ་ ནང་འཁོད་ཚོགས་ཆུ་དང་ དྲུང་ཆེན་ཡིག་ཚང་ནང་ གྲོས་བསྟུན་མང་རབས་ཅིག་ འབད་བའི་ཤུལ་ལས་ པར་སྐྲུན་འབད་ཡི་ཟེར་ཨིནམ་ད་ འཐུས་མི་ཚུ་ལུ་ འོས་ལྡན་གྱི་ ཐོབ་དབང་དང་ ཁེ་དབང་སྦེ་ བརྩི་འཇོག་འབད་ནིའི་དོན་ལུ་ ངོ་རྟགས་བཟོ་ཡི་ཟེར་ཨིན་པས།
འཐུས་མི་ལ་ལོ་གིས་ དཔེ་བཟུམ་ཅིག་སྦེ་ སླབ་མིའི་ནང་ འཐུས་མི་ཚུ་ རྒྱལ་ཁབ་ནང་འཁོད་ལུ་ བཀག་ཆ་མེད་པར་ འགྱོ་ནི་གི་ ཐོབ་དབང་ཡོདཔ་ཨིན་རུང་ སྒེར་གྱི་ཨང་རྟགས་ཡོད་པའི་ སྣུམ་འཁོར་བདའ་དོ་ཡོདཔ་ལས་ སྤྱིར་བཏང་མི་སེར་བཟུམ་སྦེ་ འགེགས་སྲུང་དང་ སྒོ་ར་ཚུ་ནང་ སྒུག་སྡོད་དགོ་པས་ཟེར་ཨིན་པས།
མ་གཞི་ འཐུས་མི་ཚུ་གི་ སྣུམ་འཁོར་ཚུ་གུ་ ངེས་པར་དུ་ སྤྱི་ཚོགས་ཀྱི་ ངོ་རྟགས་ཚུ་ བཏགས་དགོཔ་ཨིན་རུང་ འཐུས་མི་ག་ར་གིས་ བཏགས་ཏེ་མེད་པའི་ཁར་ ལ་ལོ་གིས་འབད་བ་ཅིན་ ངོ་རྟགས་ལག་ལེན་འཐབ་རུང་ ངོས་འཛིན་འབད་མི་བཏུབ་པས་ཟེར་ཨིན་པས།
འཐུས་མི་གཞན་ཚུ་གིས་ སླབ་མིའི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ཚུ་གིས་ སྤྱི་ཚོགས་ཀྱི་ འཐུས་མི་གཞན་ཚུ་གི་ དཀའ་སྡུག་དང་ སྟབས་མ་བདེཝ་ཚུ་ མ་བལྟ་བའི་ཁར་ གཞུང་ལས་ འཐུས་མི་ཚུ་ལུ་ རང་རྐྱང་གི་ ཡིག་ཚང་ཅིག་ཡང་ བྱིན་མ་བཏུབ་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་འདུ་ནང་ བཏགས་དགོ་པའི་ ཚོགས་རྟགས་དེ་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ གཞི་བཙུགས་མ་འབད་བའི་ ཧེ་མ་ལས་ར་ འདུག་ཟེར་ཨིནམ་ད་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་ཡང་ སྤྱི་མི་དང་ ཚོང་འབྲེལ་ངོ་ཚབ་ གཞུང་གྲྭ་ཚང་ རབ་སྡེ་ ལྷན་རྒྱས་གཞུང་ཚོགས་ དྲུང་ཆེན་ རྫོང་བདག་ བློ་གྲོས་ཚོགས་སྡེ་ དེ་ལས་ དྲག་ཁག་གསུམ་གྱི་ འཐུས་མི་ཚུ་ཨིན་པས།
སྤྱི་ལོ་༢༠༠༨ ལས་ ཚོགས་ཁང་༢ ཀྱི་ འཐུས་མི་ཚུ་ བཙག་འཐུ་འབད་བའི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཁྱད་ལྡན་གྱི་འཐུས་མི་༥ གདམ་བསྐོས་གནང་ཡི།
གནམ་དགུན་གྱི་ སྤྱི་ཚོགས་༣ པའི་ ཚོགས་ཐེངས་༣ པ་དེ་ ད་རིས་ རྒྱལ་ཡོངས་འཆར་དངུལ་གུ་ འཕྲོ་མཐུད་དེ་ གསུང་གྲོས་གནང་ནི་ཨིནམ་ད་ དྲུང་ཆེན་ཡིག་ཚང་གིས་ ཀོ་བིཌ-༡༩ བཀག་ཐབས་ལུ་ སྒྲིག་གཞི་དང་འཁྲིལ་ཏེ་ འཐུས་མི་ཚུ་གི་བར་ན་ ས་སྟོང་ཡང་ བཞག་སྟེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *