གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ སྤྱི་ཚོགས་ཀྱི་འཐུས་མི་དང་ གྲལ་གཏོགས་འབད་མི་ཚུ།

སྤྱི་ཚོགས་ཀྱི་ འཐུས་མི་ཨམ་སྲུའི་དོན་ལུ་ ལས་སྡེ་གསརཔ་ཅིག་ འགོ་བཙུགས་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་དང་ འབྲུག་ཨམ་སྲུའི་དབང་ཆ་མཐུད་འབྲེལ་ལས་སྡེ་གཉིས་ཀྱིས་ མཉམ་འབྲེལ་ཐོག་ལས་ ཕོ་མོ་འདྲ་མཉམ་གྱི་དོན་ལུ་ མཉམ་འབྲེལ་ལས་རིམ་ཅིག་ འགོ་འབྱེད་འབད་ཡི།
འབྲུག་གི་ཨམ་སྲུའི་སྤྱི་ཚོགས་དེ་གིས་ མ་འོངས་པའི་ནང་ སྤྱི་ཚོགས་ནང་ གྲལ་གཏོགས་འབད་ནི་ལུ་ འོས་འབབ་ཡོད་མི་དང་ སྤྲོ་བ་ཡོད་མི་ཚུ་ལུ་ ཕན་གྲོགས་དང་རྒྱབ་སྐྱོར་ཚུ་ བྱིན་ཚུགས་པའི་ཁར་ སྲིད་བྱུས་དང་རྒྱབ་སྐྱོར་ཚུ་བྱིན་ཐོག་ལས་ མི་སྡེ་གིས་ ཡིད་ཆེས་བསྐྱེད་ཚུགསཔ་བཟོ་ནིའི་ དམིགས་གཏད་ཡོདཔ་ཨིན་པས།
ལས་རིམ་དེ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་འདོད་ཡོད་མི་དང་ རྒྱབ་སྐྱོར་འབད་མི་ཚུ་ག་ར་ གཅིག་ཁར་འཛོམས་ཏེ་ མཐུན་འབྲེལ་དང་གྲོས་བསྟུན་ དེ་ལས་ གཅིག་གིས་གཅིག་ལུ་ ཕན་གྲོགས་ཀྱི་གནད་དོན་ལུ་ གྲོས་བསྟུན་འབད་ནིའི་ གོ་སྐབས་བཟོ་ནི་ཨིན་པས།
དེ་མ་ཚད་ ཨམ་སྲུ་ཚུའི་དབང་ཆ་དང་ མི་སྡེ་གིས་ ཨམ་སྲུ་ཚུ་ལུ་ ཡིད་ཆེས་བསྐྱེད་བཅུག་ཐབས་འབད་ནི་ཨིན་པས།
རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱི་མདོ་ཆེན་ ཀུན་བཟང་ལྷ་མོ་གིས་ བཤད་མིའི་ནང་ ཨམ་སྲུ་གི་སྤྱི་ཚོགས་ནང་ གྲལ་གཏོགས་འབད་མིའི་གྱངས་ཁ་དེ་ སྤྱི་ལོ་༢༠༠༨ ལུ་ བརྒྱ་ཆ་༡༣ ལྷགཔ་ཅིག་ཡོད་མི་དེ་ སྤྱི་ལོ་༢༠༡༨ ལུ་ བརྒྱ་ཆ་༡༥ ལྷགཔ་ཅིག་ལུ་ ཡར་སེང་སོང་ཡོད་མི་དང་ ས་གནས་གཞུང་གི་བཙག་འཐུ་ནང་ སྤྱི་ལོ་༢༠༡༡ ལུ་ བརྒྱ་ཆ་༧.༨ ཡོད་མི་དེ་ སྤྱི་ལོ་༢༠༡༦ ལུ་ བརྒྱ་ཆ་༡༡ ལྷགཔ་ཅིག་ལུ་ ཡར་སེང་ཡོད་རུང་ སྤྱིར་བཏང་ཨམ་སྲུ་གིས་ བཅའ་མར་གཏོགས་མིའི་བརྒྱ་ཆ་དེ་ ཉུང་སུ་སྦེ་ར་ འདུག་ཟེར་བཤད་ཅི།
མོ་གིས་བཤད་མིའི་ནང་ ཁོང་གིས་ བཙག་འཐུ་ནང་ ཨམ་སྲུའི་གྲལ་གཏོགས་འབད་མི་ བརྒྱ་ཆ་༣༣ ལུ་བཟོ་ནིའི་ དམིགས་གཏད་ཡོད་མི་དེ་ ད་ལྟོ་ལྷོད་ཚུགས་ནི་བཟུམ་ཅིག་ མིན་འདུག་ཟེར་ཨིན་པའི་ཁར་ ད་ལྟོའི་གནས་སྟངས་ནང་ གཞུང་གིས་ཨམ་སྲུའི་དོན་ལུ་ ཐོབ་སྐལ་གྱི་སྡོད་ཁྲི་བྱིན་ནི་དེ་ཡང་ འོས་འབབ་ཅིག་སྦེ་ མི་མཐོང་པས་ཟེར་བཤད་ཅི།
འབྲུག་གི་ཨམ་སྲུའི་དབང་ཆ་འབྲེལ་མཐུད་ལས་སྡེ་གི་ བཀོད་ཁྱབ་མདོ་ཆེན་ ཕུན་ཚོགས་ཆོས་སྒྲོན་གྱིས་ ཨམ་སྲུ་ཚུ་ལུ་ ལྕོགས་གྲུབ་ཡོད་དེ་འབད་རུང་ མི་སྡེ་ནང་ གདོང་ཁར་ཐོན་ཏེ་ བཅའ་མར་གཏོགས་ནི་དེ་ འགོ་ཁྲིད་པའི་འགན་དབང་དེ་ ཕོ་སྐྱེས་ལུ་ ཤུགས་ཆེ་ནི་དེ་གིས་ གདོང་ལེན་སྦེ་ར་ འདུག་ཟེར་བཤད་ཅི།
མོ་གིས་སླབ་མིའི་ནང་ མི་སྡེ་ནང་ ཕོ་སྐྱེས་དང་ཨམ་སྲུའི་བར་ན་ དབྱེ་བ་ཡོད་མི་དང་ ཁྱད་པར་ཡོད་མི་ལུ་བརྟེན་ ཨམ་སྲུ་ཚུ་ཕོ་སྐྱེས་དང་ འདྲན་འདྲ་འབད་ས་མིན་འདུག་ཟེར་ཨིན་པའི་ཁར་ ཨམ་སྲུ་གིས་ བཙག་འཐུ་ནང་ བཅའ་གཏོགས་མི་དེ་ མར་བབས་སོང་སྟེ་ཡོད་ཟེར་ཨིན་རུང་ སྤྱི་ལོ་༢༠༡༦ ལོའི་བཙག་འཐུ་ནང་ མཁར་འཁྱོལ་གྲུབ་འབྲས་ལུ་བལྟ་བ་ཅིན་ ཨམ་སྲུ་མཐོ་སུ་ཡོད་ཟེར་ ཨིན་པས།
ཕུན་ཚོགས་ཆོས་སྒྲོན་གྱིས་ བཤད་མིའི་ནང་ ལས་སྡེ་གིས་ ཨམ་སྲུ་ཚུ་གིས་ ས་གནས་གཞུང་ནང་ དཔེ་སྟོན་ལེགས་ཤོམ་ སྟོན་ནིའི་དོན་ལུ་རྐྱངམ་གཅིག་མེན་པར་ གཞན་ཨམ་སྲུ་ཚུ་གི་དོན་ལུ་ ལམ་བཟང་ནིའི་དོན་ལུ་ བརྩོན་ཤུགས་འབད་ཡི་ཟེར་ཨིན་པས།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ འབྲུག་པའི་ཨམ་སྲུའི་གདོང་ལེན་ཚུ་ ལེགས་ཤོམ་སྦེ་ ཧ་མ་གོ་བར་འདུག་ཟེར་ཨིནམ་ད་ ལས་སྡེ་གཉིས་ཀྱིས་ དེ་གི་དོན་ལུ་ ལཱ་ཚུ་ ཤུགས་བཏོན་ཏེ་འབད་དེ་ཟེར་ཨིན་པས།
ད་རེས་ཀྱི་ ལས་སྡེ་གསརཔ་དེ་གིས་ རྒྱལ་སྤྱི་དང་ རྒྱལ་ཡོངས་གནས་ཚད་ཡང་ དམིགས་དོན་འགྲུབ་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་བཤད་ཡོདཔ་ད་ མོ་ར་ ལས་སྡེའི་ཁྲི་འཛིན་དང་ ཞབས་ཏོག་བློན་པོ་བགྲེསཔ་ རྡོ་རྗེ་ཆོས་སྒྲོན་དང་ འཐུས་མི་ཚེ་རིང་ཆོས་སྒྲོན་གཉིས་ ཁྲི་འཛིན་འོགམ་ཨིན་པས།
ལས་རིམ་དེ་གིས་ ཨམ་སྲུ་ཚུ་ གདོང་ཁར་ཐོན་བཅུག་སྟེ་ གོ་སྐབས་ཚུ་སྤྲོད་ནིའི་ དམིགས་དོན་ཡང་ཨིན་ཟེར་ མོ་གིས་བཤད་ཡོདཔ་ད་ འགོ་འབྱེད་མ་འབད་བའི་ཧེ་མར་ འབྲེལ་བ་ཡོད་མི་ཚུ་གིས་ སྤྱི་ཟླ་༨ པའི་ཚེས་༡༢ ལུ་ ཞལ་འཛོམས་ཅིག་ཡང་འཚོགས་ཏེ་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
བཀོད་ཁྱབ་མདོ་ཆེན་གྱིས་ ད་ལྟོ་ སྤྱི་ཚོགས་ནང་ཡོད་མི་ ཨམ་སྲུ་འཐུས་མི་ཚུ་གིས་འབད་རུང་ ཨམ་སྲུའི་འགན་ཁུར་འབག་སྟེ་ དཔེ་སྟོན་འབད་དགོ་ཟེར་ཨིན་པས།
མཁར་གཡུ་རུང་གི་འཐུས་མི་ ཚེ་རིང་ཆོས་སྒྲོན་དེ་ ལས་སྡེའི་ཁྲི་འཛིན་འོགམ་ཨིནམ་ད་ མོ་གིས་སླབ་མིའི་ནང་ ལས་སྡེ་གིས་ ཨམ་སྲུ་ཚུ་གིས་ གྲོས་བསྟུན་འབད་ནི་དང་ ཐབས་ཤེས་ཚུ་ ག་ཅི་བཏོན་ནི་ཡོད་རུང་ གྲོས་བསྟུན་འབད་ནིའི་དོན་ལུ་ ས་ཁོངས་ཅིག་སྦེ་ འབད་ཚུགས་ཟེར་ཨིནམ་ད་ དེ་གིས་ ཨམ་སྲུ་འགོ་ཁྲིདཔ་ཚུ་ལུ་ འགོ་ཁྲིད་པའི་ འགན་ཁུར་སྤྲོད་ཚུགས་པའི་ ཡིད་ཆེས་བསྐྱེད་ཚུགས་ཟེར་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་དང་ དཔེ་དེབ་འབྲི་མི་ ཕྱག་རྡོར་དབང་མོ་གིས་ མི་སྡེ་ནང་ མནོ་ལུགས་བསྒྱུར་བཅོས་འབད་ནིའི་དོན་ལུ་ ཁྱིམ་ནང་ལས་ ཕམ་ཚུ་གིས་ རང་གི་བུ་གཞི་ལུ་ ཕོ་སྐྱེས་དང་ཨམ་སྲུའི་དབང་ཆ་སྐོར་ལས་ བཤད་བྱིན་ནི་དང་ གཡུས་ཁར་སྡོད་མི་ རྒན་ཤོས་ཚུ་གི་མནོ་ལུགས་དེ་ཡང་ བསྒྱུར་བཅོས་འབད་ནིའི་ ཐབས་ལམ་བཏོན་དགོཔ་འདུག་ཟེར་ བཤད་ཅི།
རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་དང་ འབྲུག་གི་ཨམ་སྲུའི་དབང་ཆ་མཐུད་འབྲེལ་ལས་སྡེ་གཉིས་ཀྱིས་ ཕོ་མོ་འདྲ་མཉམ་དོན་ལུ་ གན་ཡིག་བཀོད་ཡོད་རུང་ སྤྱི་ལོ་༢༠༡༦ ལུ་ ཨམ་སྲུའི་དོན་ལུ་ ཐོབ་སྐལ་བྱིན་ནིའི་གནད་དོན་དེ་ ཆ་མེད་སོང་བའི་ཤུལ་ལས་ ཕོ་མོའི་གནད་དོན་གྱི་གནས་སྟངས་ བསྒྱུར་བཅོས་འབད་ནིའི་དོན་ལུ་ ད་ལྟོའི་ལས་སྡེ་དེ་ འགོ་བཙུགས་ཡོདཔ་ཨིན་པས།
རྒྱལ་སྤྱིའི་གནས་ཚད་དང་ སྤྱི་ཚོགས་ནང་ ཨམ་སྲུའི་གྲལ་གཏོགས་ཀྱི་ བརྒྱ་ཆ་དེ་ རྒྱལ་ཁབ་༡༠༣ ཡོད་ས་ལས་ འབྲུག་གིས་ ཨང་༡༥.༢ ནང་ ཚུད་ཡོད་མི་དེ་ ལུང་ཕྱོགས་ཀྱི་དཔྱ་སྙོམས་བརྒྱ་ཆ་ལས་ དམའ་སུ་ཡོདཔ་ཨིན་པས།
དེ་མ་ཚད་ འབྲུག་གི་རྒྱལ་སྤྱི་ནང་ ཕོ་མོའི་ཁྱད་པར་གྱི་གནས་ཨང་དེ་ཡང་ སྤྱི་ལོ་༢༠༡༣ ལུ་༩༣ ཡོད་མི་དེ་ སྤྱི་ལོ་༢༠༡༧ ལུ་༡༢༤ ལུ་ བབས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས། དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ …

Leave a Reply

Your email address will not be published. Required fields are marked *