སྤྱི་ཚོགས་༣ པའི་ བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༉ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་རིང་ལུགས་ཀྱི་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དེ་ སང་ཕོད་སྤྱི་ཟླ་༢ པ་དང་ སྤྱི་ཟླ་༡༠ པའི་ནང་ འགོ་འདྲེན་འཐབ་ནི་ཨིནམ་ལས་ དེའི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དེ་ སྤྱི་ཟླ་༢ པ་དང་༥ པའི་ནང་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་དེ་ སྤྱི་ཟླ་༨ པ་དང་༡༠ པའི་བར་ན་ འགོ་འདྲེན་འཐབ་ནི་ཨིནམ་ལས་ དེའི་དོན་ལུ་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་ཡོད་མི་ཚུ་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་དགོཔ་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ བཙག་འཐུའི་དུས་ཚོད་ ད་ལྟོ་ལས་ གསལ་བསྒྲགས་འབད་དགོ་མི་དེ་ཡང་ བཙག་འཐུ་ནང་ བཅའ་མར་གཏོགས་འདོད་ཡོད་མི་ཚུ་གིས་ བཙག་འཐུའི་ལམ་ལུགས་ཚུ་ ཧ་གོ་ནི་དང་ བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་ནིའི་དུས་ཚོད་ ལེགས་ཤོམ་འཐོབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དེའི་དོན་ལུ་ ད་ལྟོ་ ཐོ་བཀོད་འབད་བའི་བསྒང་ཡོདཔ་བཞིན་དུ་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་བསྐྱེད་མི་དེ་ ད་ལྟོ་ཚུན་ མི་ངོམ་༡༤༢ ཐོན་ཡོད་མི་ཚུ་གིས་ ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ནུག།
དེ་མ་ཚད་ བཙག་འཐུའི་སྐབས་ མི་མང་འཛོམས་ནི་དང་འབྲེལ་བའི་ལས་རིམ་དང་ ཆོས་འབྲེལ་གྱི་ལས་རིམ་ཚུ་ བཙག་འཐུའི་དུས་ཚོད་ལས་འཛེམ་སྟེ་ དེའི་སྔ་གོང་ལས་ འགོ་འདྲེན་འཐབ་ནི་ཡོད་པ་ཅིན་ དེ་དང་བསྟུན་ འཆར་གཞི་ཚུ་ བཟོ་ནི་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ བཙག་འཐུའི་དུས་ཚོད་དེ་ སྔ་གོང་ལས་ གསལ་བསྒྲགས་འབད་ཡི་ཟེར་ཨིན་པས།
བཙག་འཐུ་དང་འབྲེལ་བའི་ བཅའ་ཁྲིམས་དང་ སྒྲིག་གཞི་ལ་སོགས་པ་ཚུ་དང་འཁྲིལ་བ་ཅིན་ བཙག་འཐུའི་དུས་ཚོད་ཁར་ མི་མང་སྤུངས་འཛོམས་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་མི་ཆོག་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ མི་མང་སྤུངས་འཛོམས་ཀྱི་ལས་རིམ་དེ་ མང་ཤོས་ཅིག་ ཆོས་དང་འབྲེལ་བའི་ ལས་རིམ་ཚུ་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ད་ལྟོ་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འཐུས་མི་སྦེ་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་ཡོད་མི་ཚུ་ ཐོ་བཀོད་འབད་དོ་ཡོདཔ་བཞིན་དུ་ ད་ཚུན་ མི་ངོམ་༡༤༢ ཀྱིས་ ཐོ་བཀོད་འབད་ཡོདཔ་ད་ ལ་ལོ་གིས་ ཐོ་བཀོད་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ བཙག་འཐུའི་དོན་ལུ་ གྲ་སྒྲིག་གི་ལས་རིམ་ ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ལས་ གཅིག་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནི་ལུ་ ཐོ་བཀོད་འབད་མི་ཚུ་ལུ་ བཙག་འཐུ་དང་འབྲེལ་བའི་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག།
དེ་ལས་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་འབད་བ་ཅིན་ སྲིད་དོན་ཚོགས་པ་ཚུ་གིས་ འཐུས་མི་ཚུ་ འཚོལ་བའི་བསྒང་ཡོདཔ་མ་ཚད་ སྲིད་དོན་ནང་ བཅའ་མར་གཏོགས་ནི་ལུ་ སྤྲོད་བ་ཡོད་མི་ ཞི་གཡོགཔ་ཚུ་གིས་ ཡིག་ཚང་ནང་ལས་ དགོངས་ཞུ་འབད་བའི་བསྒང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྲིད་དོན་ཚོགས་པ་ཚུ་གིས་ཡང་ བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་འཐུས་མི་ཚུ་ ད་ལྟོ་ འདེམས་ཁོངས་ཚུ་ནང་ ལྟ་སྐོར་འབད་ཐོག་ལས་ མི་ཚུ་དང་གཅིག་ཁར་ཕྱད་དེ་ ཁོང་གི་བསམ་འཆར་དང་ རེ་བ་ཚུ་ བསྡུ་ལེན་འབད་བའི་བསྒང་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ངང་ལམ་ལུ་ བརྡུང་རྫོབ་ཀྱི་བཤེར་ཡིག་ ཕྱིར་འབུད་བཏང་ཡོདཔ།

༉ པདྨ་དགའ་ཚལ་ངང་ལམ་ལུ་སྡོད་མི་༢ ཀྱིས་ ཁྲིམས་སྲུང་འགག་སྡེའི་ འགན་འཛིན་པ་དང་ རྩོད་གཞི་ཕྱེ་ནིའི་དོན་ལུ་ བཤེར་ཡིག་བཙུགས་མི་དེ་ ཁ་ཙ་ དྲུང་ཁག་ཁྲིམས་འདུན་གྱིས་ སྣ་ཚོགས་སྙན་གསན་མཛད་པའི་ཤུལ་ལས་ ཕྱིར་འབུད་བཏང་ནུག། དེ་ཡང་ རྩོད་རྩ་འཇམ་དཔལ་རྡོ་རྗེ་དང་ ལྷུན་གྲུབ་ཀྱིས་ བཤེར་ཡིག་བཙུགས་མི་དེ་ཡང་ …

Leave a Reply

Your email address will not be published. Required fields are marked *