སྤྱི་མཐུན་གཞི་རྟེན་མཁོ་ཆས་ཉུང་མཐའི་མ་དངུལ་ རྫོང་ཁག་ནང་ར་བཞག་ནི།

ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་མཐུན་གཞི་རྟེན་མཁོ་ཆས་ཉུང་མཐའའི་ མ་དངུལ་ཚུ་ ཐད་ཀར་དུ་ རྒེད་འོག་ནང་ བགོ་བཀྲམ་འབད་དགོ་པའི་ གྲོས་འདེབས་གུ་ གསུང་གྲོས་རྒྱས་པར་གནང་སྟེ་ མ་དངུལ་དེ་ རྫོང་ཁག་ནང་ར་ བཞག་ནི་སྦེ་ གྲོས་ཐག་བཅད་གནང་ཡི།

བར་མཚམས་-གཤོང་ཕུག་གི་འཐུས་མི་ མཁས་དབང་པ་སངས་རྡོ་རྗེ་གིས་ འཆར་གཞི་༡༢ པའི་ནང་ སྤྱི་མཐུན་གཞི་རྟེན་མཁོ་ཆས་ཉུང་མཐའི་ མ་དངུལ་བསྡོམས་ཐེར་འབུམ་༧.༨༥༥ བཞག་མི་དེ་ ད་རེས་ཀྱི་ རྩིས་ལོ་ལས་ ཐད་ཀར་དུ་ རྒེད་འོག་ཚུ་ནང་ གནང་དགོ་པའི་ གྲོས་འཆར་ཕུལ་ཡི།

ཁོ་གིས་འབད་བ་ཅིན་ མ་དངུལ་ཚུ་ རྫོང་ཁག་ནང་ བགོ་བཀྲམ་འབད་བའི་ཁར་ གོང་འཕེལ་གྱི་ ལས་སྣ་ཚུ་ཡང་ རྫོང་ཁག་གིས་ བདེ་སྒྲིག་འབདཝ་ད་ མཐར་ཐུག་གི་ ཁེ་ཕན་ཐོབ་མི་དེ་ རྒེད་འོག་གི་ མི་སེར་ཚུ་ཨིནམ་ལས་ དགོས་མཁོ་དང་འཁྲིལ་ ཕན་ཐོགས་བྱུང་མ་ཚུགས་པས་ཟེར་ཨིན་པས།

རྒེད་འོག་ལ་ལོ་ཅིག་ནང་ འཆར་གཞིའི་ལས་སྣ་ཚུ་ འགྲུབ་ནི་གུ་ ལྷོད་སོ་རུང་ ཉུང་མཐའི་མ་དངུལ་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོད་པའི་ སྙན་ཞུ་འདུག་ཟེར་ འཐུས་མི་གིས་ ཞུ་ཡི།

མ་དངུལ་ཚུ་ རྫོང་ཁག་ནང་ བཞག་པ་ཅིན་ མ་དངུལ་འཐོབ་ནི་ལུ་ དུས་ཡུན་རིངམོ་སྦེ་ འགོར་བའི་ཁར་ ལས་སྣ་ཚུ་ དུས་ཚོད་ཁར་ འབད་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཞུ་ཡི།

ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ མ་དངུལ་དེ་ རྫོང་ཁག་ནང་བཞག་རུང་ རྒེད་འོག་གོང་འཕེལ་གྱི་ ལས་སྣ་ཚུ་ཡང་ ལག་ལེན་འཐབ་བཞིན་དུ་ཡོད་ཟེར་ ཞུ་བའི་ཁར་ རྒེད་འོག་ཚུ་ བཟོ་རིག་འགོ་དཔོན་དང་ རྩིས་འཛིན་འགོ་དཔོན་ཚུ་ཚངམ་སྦེ་ བསྐོ་བཞག་མ་འབད་ཚུན་ འཆར་དངུལ་བགོ་བཀྲམ་འབད་ མི་ཚུགས་ཟེར་ཞུ་ཡི།

དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཉུང་མཐའ་ིམ་དངུལ་དེ་ རྫོང་ཁག་དང་ རྒེད་འོག་ནང་བཞག་རུང་ ས་གནས་གཞུང་ཨིནམ་ལས་ སྟབས་མ་བདེཝ་མེད་པའི་ཁར་ རྫོང་ཁག་ནང་བཞག་རུང་ མང་ཤོས་ར་ རྒེད་འོག་ཚུ་ནང་ ལག་ལེན་འཐབ་དོ་ཟེར་ཞུ་ཡི།

རྒེད་འོག་ག་རའི་ནང་ མ་དངུལ་ཚུ་ འདྲན་འདྲ་སྦེ་ བགོ་བཀྲམ་འབད་ནི་མེད་ཟེར་ཨིནམ་ད་ གལ་སྲིད་ ཐད་ཀར་དུ་ རྒེད་འོག་ནང་ མ་དངུལ་བགོ་བཀྲམ་འབད་བ་ཅིན་ འཛིན་སྐྱོང་དང་ མཁོ་སྒྲུབ་གྱི་ དཀའ་ངལ་ཡོད་པའི་ཁར་ གཞུང་གིས་ འཆར་གཞི་༡༢ པའི་ནང་ རྒེད་འོག་གནང་བྱིན་མ་དངུལ་ཚུ་ཡང་ ཧེ་མ་དང་ཕྱདཔ་ད་ མངམ་སྦེ་ར་ བགོ་བཀྲམ་འབད་དེ་ཡོད་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་ཡི།

ཁོ་གིས་འབད་བ་ཅིན་ འཆར་གཞི་༡༢ པའི་ མ་དངུལ་ཚུ་ཡང་ རྒེད་འོག་ཚུ་གིས་ ཚད་ཅིག་ལས་བརྒལ་ ལག་ལེན་འཐབ་སྟེ་ མིན་འདུག་ཟེར་ཨིནམ་ད་ མ་དངུལ་དེ་ བགོ་བཀྲམ་འབད་རུང་ བསྟར་སྤྱོད་འབདཝ་ད་ དཀའ་ངལ་བྱུང་འོང་ཟེར་ཞུ་ཡི།

མ་དངུལ་དེ་ རྒེད་འོག་ནང་ བགོ་བཀྲམ་འབད་ནི་ལུ་ རྒྱབ་སྐྱོར་ཡོད་རུང་ འཐུས་མི་མང་ཤོས་ཅིག་གིས་ ཧེ་མ་ར་ རྒེད་འོག་བདག་སྐྱོང་ནང་ མི་སྟོབས་ཚུ་ བགོ་བཀྲམ་འབད་ཐོག་ལས་ སྒྲིང་སྒྲི་བཟོ་དགོཔ་འདུག་ཟེར་ཞུ་ཡི།

དེ་འབདཝ་ད་ སྨན་སྦིས་-བཙན་མཁར་གྱི་འཐུས་མི་ ཆོས་སྐྱིད་རྒྱལ་མཚན་གྱིས་ ད་རེས་ རྒེད་འོག་ནང་ བཟོ་རིག་འགོ་དཔོན་དང་ རྩིས་འཛིན་མེད་པའི་ དཀའ་ངལ་མེན་པར་ རྫོང་ཁག་གིས་ འཕྲལ་འཕྲལ་ར་ རྒེད་འོག་གི་ མ་དངུལ་ཚུ་ ལས་རིམ་སོ་སོའི་ནང་བཏང་པའི་ ལོ་རྒྱུས་དང་ མ་དངུལ་ལུ་བརྟེན་ ལཱ་ཚུ་ཡང་ དུས་ཚོད་ཁར་ འབད་མ་ཚུགས་པའི་ སྟབས་མ་བདེཝ་འདུག་ཟེར་ ཞུ་ཡི།

གཞུང་གིས་ མ་དངུལ་ཚུ་ ཐད་ཀར་དུ་གནང་པ་ཅིན་ རྒེད་འོག་གི་ ལས་སྣ་ཚུ་ གང་མགྱོགས་སྦེ་ འབད་ནི་ལུ ཕན་རླབས་ཆེ་ནི་མས་ཟེར་ ཁོ་གིས་ ཞུ་ཡི།

ཁམས་དྭངས་- རམ་འཇར་གྱི་འཐུས་མི་ ཀུན་དགའ་བློ་གྲོས་ཀྱིས༌ རྫོང་ཁག་ནང་ བཟོ་རིག་འགོ་དཔོན་དང་ རྩིས་འཛིན་པ་ཚུ་ དགོཔ་མིན་འདུག་ཟེར་ ཞུ་མི་དེ་ཡང་ རྒེད་འོག་ནང་ ལམ་སྟོན་ལེགས་ཤོམ་སྦེ་ གནང་ཚུགས་པ་ཅིན་ རྒཔོ་ཚུ་གིས་ འཛིན་སྐྱོང་དང་ བདག་སྐྱོང་འབད་ཚུགས་ཟེར་ཨིན་པས།

འཐུས་མི་མཁས་དབང་པ་སངས་རྡོ་རྗེ་གིས་ མ་དངུལ་ཚུ་ རྒེད་འོག་ནང་ བགོ་བཀྲམ་འབད་བ་ཅིན་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ཚུགས་ནི་དང་ གཞུང་གི་ཕྱག་འགན་དང་ ཞབས་ཏོག་གི་ སྐྱེལ་སྤྲོད་ཚུ་ ལེགས་ཤོམ་སྦེ་འོང་ནི་ ས་གནས་གཞུང་ལུ་ དངུལ་འབྲེལ་གྱི་ དབང་ཆ་བྱིན་ཚུགས་ནི་གི་ ཁེ་ཕན་སྦོམ་ཡོད་ཟེར་ཞུ་ཡི།

པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ཧེ་མ་ལས་ར་ འཁོར་ལམ་སེལ་ནིའི་ལཱ་ཚུ་ རྒེད་འོག་དང་ སྤྱི་འོག་གིས་ འབད་དེ་ཡོད་པའི་ཁར་ ད་ལྟོ་ཡང་ འབད་བཞིན་དུ་ཡོདཔ་ལས་ སྤྱི་མཐུན་གཞི་རྟེན་མཁོ་ཆས་ཉུང་མཐའི་མ་དངུལ་དེ་ ངེས་པར་དུ་ རྒེད་འོག་ནང་ གནང་དགོཔ་འདུག་ཟེར་ ཞུ་ཡི།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒེད་འོག་ཚུ་ནང་ མ་དངུལ་ཚུ་ ཞིབ་དཔྱད་འབད་ཐོག་ལས་ བགོ་བཀྲམ་འབད་ནི་སྦེ་ ཐག་བཅད་དེ་ཡོདཔ་བཞིན་དུ་ རྩིས་ལོ་༢༠༡༩-༢༠ གི་ འཆར་དངུལ་བགོ་བཀྲམ་འབད་དེ་ ཟླཝ་༧ དེ་ཅིག ལང་སོ་རུང་ ད་རེས་ ལྷན་ཁག་དང་ ས་གནས་གཞུང་གིས་ གསར་སྒྲུབ་མ་དངུལ་ཚུ་ བརྒྱ་ཆ་༤༠ ལས་བརྒལ་ ལག་ལེན་འཐབ་མ་ཚར་བར་ཡོདཔ་ལས་ དེ་ཚུ་ཡང་ བལྟ་དགོཔ་འདུག་ཟེར་ཞུ་ཡི།

ལོ་༥ འི་བར་མཚམས་བསྐྱར་ཞིབ་འབད་བའི་སྐབས་ རྒེད་འོག་ལ་ལོ་ཅིག་ནང་ གནས་སྐབས་ཅན་དང་ ལྕོགས་གྲུབ་ཡོད་པའི་ རྒཔོ་ཚུ་གིས་ འཆར་དངུལ་བགོ་བཀྲམ་འབད་མི་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་སྟེ་ཡོད་པ་ཅིན་ གཞུང་གིས་ ཉུང་མཐའི་མ་དངུལ་ཚུ་ ཕུལ་ནི་དང་ གལ་སྲིད་ འཐུས་ཤོར་བྱུང་ཡོད་པ་ཅིན་ བགོ་བཀྲམ་འབད་ཚར་མི་ མ་དངུལ་ཚུ་ཡང་ ལོག་བསྡུ་མི་དགོ་ག་ཟེར་ ཚ་གྱང་ལང་སྟེ་ཡོད་ཟེར་ བློན་ཆེན་གྱིས་ ཞུ་ཡི།

རྒེད་འོག་ཚུ་ནང་ མ་དངུལ་ཕུལ་ནི་ལུ་ རྒྱབ་སྐྱོར་ཡོད་རུང་ མ་དངུལ་བགོ་བཀྲམ་འབད་བའི་སྐབས་ འཛིན་སྐྱོང་གི་ ཁེ་ཕན་བལྟ་དགོ་པའི་ཁར་ ས་གནས་གཞུང་ སྒྲིང་སྒྲི་བཟོ་ནིའི་དོན་ལུ་ གཞུང་གིས་ རྒཔོ་ཚུ་གཞུང་ལྟེ་བ་ལུ་ འོང་མ་དགོཔ་སྦེ་ རང་གིས་ ཐག་བཅད་ནི་བཟོ་ཡི་ཟེར་ཞུ་ཡི།

མ་འོངས་པ་ལུ་ ཕན་ཐོགས་ཡོདཔ་ བཟོ་དགོ་པ་ཅིན་ ས་གནས་གཞུང་དང་ གཞུང་ལྟེ་བའི་བར་ན་ དེ་ལས་ རྒེད་འོག་དང་ རྫོང་ཁག་ཚུ་གི་བར་ན་ འབྲེལ་བ་བཟོ་དགོཔ་བཞིན་དུ་ རྒཔོ་ཚུ་གི་ ཞལ་འཛོམས་ནང་ཡང་ གནད་དོན་དེ་གི་སྐོར་ལས་ སྙན་ཞུ་འབད་ཡི་ཟེར་ བློན་ཆེན་གྱིས་ ཞུ་བའི་ཁར་ མ་དངུལ་ཚུ་ རྒེད་འོག་ནང་ བགོ་བཀྲམ་འབད་བ་ཅིན་ དཀའ་ངལ་སེལ་ནི་མེན་པར་ དེ་དང་འབྲེལ་བའི་ དཀའ་ངལ་ལེ་ཤ་ འཐོན་འོང་ཟེར་ཞུ་ཡི།

གཞུང་གིས་ ས་གནས་གཞུང་ནང་ གནང་བྱིན་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༥༠ བགོ་བཀྲམ་འབད་མི་ལས་ ཉུང་མཐའི་མ་དངུལ་ རྫོང་ཁག་ནང་ དངུལ་ཀྲམ་ཐེར་འབུམ་༣.༠༡༩ དང་ ཁྲོམ་སྡེ་ནང་ དངུལ་ཀྲམ་ས་ཡ་༡༢༦ བགོ་བཀྲམ་འབད་ནུག།

གྲོས་འདེབས་དེ་ ཆ་འཇོག་འགྲུབ་ནིའི་དོན་ལུ་ ཚོགས་རྒྱན་བཙུགསཔ་ད་ འཐུས་མི་༤༤ ཡོད་མི་ལས་༡༩ གིས་ མི་དགོ་དང་༡༨ དགོ་ཟེར་བཙུགས་ཏེ་ མང་མོས་ཐོག་ལས་ ཆ་འཇོག་གྲུབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བསམ་གྲུབ་ལྗོངས་མཁར་གྱི་ སློབ་གྲྭ་ཚུ་ ལོག་སྒོ་ཕྱེས་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༨ ལས་ བསམ་གྲུབ་ལྗོངས་མཁར་གྱི་ ས་གོ་གཞན་ཁའི་ སློབ་གྲྭ་ཁག་ཚུ་ ལོག་སྒོ་ཕྱེས་ཡོད་རུང་ སློབ་ཕྲུག་ཨ་ལོ་ཚུ་ བདུན་ཕྲག་༡ གི་རིང་ ཟུར་བཞག་འབད་ཡོདཔ་ལས་ སློབ་ཕྲུག་མང་ཤོས་ར་ སྤྱི་ཟླ་༡༠ པའི་ཚེས་༤ …

Leave a Reply

Your email address will not be published. Required fields are marked *