སྤྱང་ཁྱིའི་དཀའ་ངལ་ སེལ་ཐབས་འབད་ནི་ ཡུན་འགྱངས་ལུས་དོ་ཡོདཔ།

༉ གཞུང་གིས་ རྒྱལ་ཁབ་ནང་ སྤྱང་ཁྱིའི་དཀའ་ངལ་ སེལ་ཐབས་འབད་ནིའི་ལས་རིམ་དེ་ ཕྱགས་སྙིགས་འཛིན་སྐྱོང་གི་ དམིགས་བསལ་ལས་རིམ་ནང་ བཙུགས་ནིའི་ཁས་ལེན་འབད་མི་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་མས་ཟེར་ཞུ་ནི།
སོ་ནམ་ལྷན་ཁག་གིས་འབད་རུང་ གནད་དོན་འདི་གི་སྐོར་ལས་ གྲོས་འཆར་ཚུ་བཟོ་སྟེ་ འཆར་དངུལ་འཚོལ་ཞིབ་འབད་བའི་ལོ་རྒྱུས་ཚུ་ཡང་ གོ་ཡི་ཟེར་ཞུ་ནི།
ཨིན་རུང་ ད་ལྟོ་ཚུན་ སྤྱང་ཁྱི་དང་འབྲེལ་བའི་དཀའ་ངལ་ སེལ་ཐབས་འབད་ནིའི་དོན་ལུ་ ཐབས་ཤེས་ཚུ་བཏོན་སར་ མ་མཐོང་ཟེར་ཞུ་ནི།
ཐིམ་ཕུག་ལུ་འབད་བ་ཅིན་ མི་རློབས་ཡར་སེང་འགྱོཝ་དང་འབྲེལ་ སྤྱང་ཁྱིའི་གྱངས་ཁ་ཡང་ ཡར་སེང་སོང་ཡོདཔ་ལས་ མི་ལུ་སོ་བཏབ་པའི་ གནད་དོན་ཡང་ ཡར་སེང་སོང་སྟེ་འདུག་ཟེར་ཞུ་ནི།
དཔེར་ན་ ཐིམ་ཕུག་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་གྱི་ ས་ཁོངས་ནང་འབད་བ་ཅིན་ མི་བ་ལྷགཔ་སྦེ་ སྤྱང་ཁྱི་ཚུ་ སྤུངས་དོ་ཡོདཔ་ལས་ ཚོད་བསྲེ་ཉོ་བར་འགྱོ་མི་ཚུ་ཡང་ སྤྱང་ཁྱི་ཚུ་གིས་ སོ་བཏབ་པའི་ ཚ་གྱང་ལངམ་མས་ཟེར་ ཞུ་ནི།
དེ་མ་ཚད་ ཐིམ་ཕུག་ཁྲོམ་གྱི་ས་ཁོངས་ནང་ གནམ་ཕྱི་རུ་ཕར་བཞག་ ཉིན་མ་འབད་རུང་ མིག་ཏོ་ཕར་ཚུར་བལྟ་སྟེ་ མ་འགྱོ་བ་ཅིན་ རོ་ཁྱི་ཚུ་གིས་ སོ་བཏབ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཞུ་ནི།
ད་རེས་ གནམ་གཤིས་གནས་སྟངས་བསིལ་དྲགས་འབད་ནི་དེ་གིས་ ཐིམ་ཕུག་གི་ ཁྲོམ་ལམ་བདའ་སྟེ་ ཐུགཔ་དང་ ཇ་ལ་སོགས་པ་ཚུ་ བཙོང་དོ་ཡོདཔ་ལས་ མི་ཚུ་གིས་ ཐུགཔ་འཐུང་ཚར་ཞིནམ་ལས་ རུ་ཏོ་ཚུ་ རོ་ཁྱི་ཚུ་ལུ་བྱིན་མི་ལུ་བརྟེན་ རོ་ཁྱི་ཚུ་སྤུངས་ཏེ་ མི་ལུ་སོ་བཏབ་པའི་ གནད་དོན་ཡང་ཐོན་དོ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བལྟ་དགོཔ་འདུག་ཟེར་ ཞུ་ནི།
དེ་བཟུམ་སྦེ་ གཞུང་གིས་ མི་སེར་ཚུ་ལུ་ རུལ་བཏུབ་དང་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ ཕྱི་སེལ་རྐྱབ་ནིའི་དོན་ལུ་ གོ་བ་བརྡ་སྤྲོད་འབད་བ་ཅིན་ ཕྱགས་སྙིགས་བཀོག་ས་ལས་ཕར་ སྤྱང་ཁྱི་ཚུ་ འཁྱམས་མི་སྡོད་ནི་མས་ཟེར་ཞུ་ནི།
གཞུང་གིས་ སྤྱང་ཁྱི་ཚུ་ ཟླཝ་རེ་ནང་ཚར་རེ་ ཤ་བཏོག་ནིའི་ལས་རིམ་ འགོ་འདྲེན་འཐབ་ཚུགས་པ་ཅིན་ རང་བཞིན་གྱིས་ སྤྱང་ཁྱིའི་གྱངས་ཁ་ མར་འབབ་འགྱོ་ནི་ཨིན་པའི་ཁར་ མི་ལུ་སོ་བཏབ་པའི་གནད་དོན་ཡང་ མར་ཕབ་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ ཞུ་ནི་ཨིན།

ཨོ་རྒྱན་དཔལ་འབྱོར།
བུམ་ཐང།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *