སྤུས་ཚད་ཅན་དང་ བཅུད་ཅན་བཞེས་སྒོ་བྱིན་མི་ སློབ་གྲྭ་ཚུ་ ངོས་འཛིན་འབད་ཡོདཔ།

༉ འཛམ་གླིང་ཟ་སྤྱོད་ཉིནམ་༧༥ པ་དེ་ ཐིམ་ཕུག་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ནང་སྦེ་ བརྩི་སྲུང་འབདཝ་དང་འབྲེལ་ དུས་ཅི་ སྤུས་ཚད་ཅན་དང་ བཅུད་ཅན་གྱི་ བཞེས་སྒོ་བྱིན་མི་ སློབ་གྲྭ་ཚུ་ ངོས་འཛིན་འབད་དེ་ གསོལ་རས་ཚུ་བྱིན་ཡི།

སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ སླབ་མིའི་ནང་ བཞེས་སྒོ་མེད་པ་ཅིན་ འཚོ་སྐྱོང་འབད་ཐབས་མེདཔ་ལས་ བཟའ་འཐུང་གི་རྒྱུ་རྐྱེན་ཚུ་ དགོཔ་གལ་ཆེ་ནི་དེ་གིས་ འབོར་ཚད་དང་ སྤུས་ཚད་ལུ་ བལྟ་དགོཔ་ཨིན་ཟེར་ཨིན་པས།

གཞུང་དང་ ལྷན་ཁག་གི་ཁ་ཐུག་ལས་ རྒྱལ་ཁབ་ནང་ ལངམ་སྦེ་ཐོན་སྐྱེད་འབད་ནི་དང་ སྤུས་ཚད་ལེགས་ཤོམ་བཟོ་ནིའི་དོན་ལུ་ རྒྱབ་སྐྱོར་འབད་མི་དེ་ ལྷན་ཁག་ཁག་དང་ ལས་ཁུངས་ སྒེར་སྡེ་ གཞུང་མིན་ལས་ཚོགས་ཚུ་གིས་ མཉམ་འབྲེལ་ཐོག་ལས་ ཞབས་ཏོག་ཞུ་ཡི་ཟེར་ཨིན་པས།

ལོ་༡ ནང་ཚར་༡ གཞུང་དང་ ལྷན་ཁག་ ལས་སྡེ་ དེ་ལས་ རྒྱལ་སྤྱིའི་ལས་འགུལ་དང་ མཐུན་ལམ་ཅན་གྱི་ རྒྱལ་ཁབ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ རྒྱབ་སྐྱོར་འབད་ཡོདཔ་ལས་ བཞེས་སྒོ་དང་ ས་ནོམ་ལས་སྡེ་གིས་ མི་ལོ་༧༥ འཁོར་བའི་ གཞི་བཙུགས་ཀྱི་ཉིནམ་ བརྩི་སྲུང་འབད་དགོཔ་ཁག་ཆེ་ཟེར་ བློན་པོ་གིས་བཤད་ཅི།

བློན་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་༡ ནང་ ཉིནམ་ཚར་རེ་དྲན་པའི་སྐབས་ ཉིནམ་འདི་གི་བརྗོད་དོན་དང་ དམིགས་གཏད་ཚུ་ཡང་ སེམས་ཁར་བཞག་སྟེ་ འཆར་གཞི་གོང་འཕེལ་གྱི་ལས་རིམ་ཚུ་ བརྩམ་ནི་དང་ བསྟར་སྤྱོད་འབད་དགོཔ་བཞིན་དུ་ དུས་ཅི་གི་ དམིགས་དོན་དེ་ བཟའ་འཐུང་མཐུན་རྐྱེན་ཡར་འཕར་གཏང་ནི་དང་ ཡུན་བརྟན་ཐོག་ལས་ ཟད་བཅུད་དང་ལྡནམ་སྦེ་ ཐོན་སྐྱེད་འབད་ནི་ཚུ་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོཔ་ཨིན་ཟེར་ བཀོད་ཡོདཔ་ལས་ བརྩོན་ཤུགས་བསྐྱེད་དགོ་ཟེར་ཨིན་པས།

ད་ལྟོ་ལཱ་འབད་མི་དེ་ མ་འོངས་པའི་དོན་ལུ་ཨིན་ཟེར་བའི་ བརྗོད་དོན་ལུ་ མི་ལོ་༧༥ འཁོར་བའི་ཉིནམ་ བརྩི་སྲུང་འབད་དོ་ཡོདཔ་ད་ ད་ལྟོ་གཞུང་སྐྱོང་གིས་ཡང་ ཁས་བླངས་གསལ་བསྒྲགས་འབད་དོ་བཟུམ་སྦེ་ ག་ར་སེམས་མཐུན་ཐོག་ལས་ ལཱ་འབད་གེ་ཟེར་ཡོདཔ་ལས་ གྲུབ་འབྲས་འཐོན་ཚུགས་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།

འབྲུག་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ ཡུ་ཨེན་ཌི་པི་ལས་ གི་ར་ལཌ་ ཌ་ལེ་གིས་ སླབ་མིའི་ནང་ དུས་ཅི་ ནད་ཡམས་ཀོ་རོ་ན་བའེ་རཱསི་ལུ་བརྟེན་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཚུ་ བྱུང་བའི་སྐབས་ གཞུང་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་སེར་གྱི་བདེ་ཐབས་ལུ་ འཆར་གཞི་དང་ ལས་རིམ་སྣ་ཚོགས་ཐོག་ལས་ ཕྱག་ལཱ་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འཛམ་གླིང་ཟ་སྤྱོད་ལས་སྡེ་དེ་གིས་ འཕྲལ་ཁམས་ཅིག་ཁར་ འཛམ་གླིང་ནང་ མི་ས་ཡ་༦༩༠ དེ་ཅིག་ལུ་ ཟད་བཅུད་དང་ལྡན་པའི་ བཟའ་འཐུང་རིགས་ཚུ་ བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ ཡུ་ཨེན་ལས་སྡེ་གི་ ལཱ་དང་ལས་རིམ་ཚུ་ བསྒྱུར་བཅོས་འབད་དགོཔ་ཡོད་པ་ཅིན་ ངག་ཐོག་དང་ ཡང་ཅིན་ ཡིག་ཐོག་ལས་ སླབ་གནང་ཟེར་ཨིན་པས།

སོ་ནམ་ལས་ཁུངས་ཀྱི་མདོ་ཆེན་ ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ ཉིནམ་དེ་ ཐིམ་ཕུག་རྐྱངམ་གཅིག་མེན་པར་ རྫོང་ཁག་༢༠ ནང་ བརྩི་སྲུང་འབད་དོ་ཡོདཔ་བཞིན་དུ་ ལྷན་ཁག་གི་ གདོང་དེབ་ནང་སྦེ་ དངོས་མཐོང་འབད་ཡོདཔ་ད་ དེ་བསྒང་ འཐུས་མི་༦༠ གིས་ བཅའ་མར་གཏོགས་ཏེ་ཡོད་ཟེར་ཨིན་པས།

སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ཤེས་རིག་ལྷན་ཁག་དང་ གསོ་བ་ལྷན་ཁག་དང་མཉམ་འབྲེལ་ཐོག་ལས་ ཟས་བཅུད་ལྡན་པའི་བཞེས་སྒོ་ བྱིན་ནིའི་ལམ་ལུགས་བཟོ་ཡོད་མིའི་གུ་ གློག་བརྙན་བཟོ་མི་ཚུ་ཡང་ གསལ་སྟོན་འབད་ཡི།

དེ་བཟུམ་སྦེ་ འབྲུག་ཟ་སྤྱོད་ལས་འཛིན་ཚད་ཀྱིས་ ལྷན་ཁག་ཚུ་གི་ ལམ་སྟོན་དང་འཁྲིལ་ བཞེས་སྒོ་བཅུད་ཅན་བཟོ་ཐབས་ལུ་ ཆུམ་ནང་ཟས་བཅུད་སླ་བསྲེས་རྐྱབ་སྟེ་ ཐོན་སྐྱེད་འབད་མི་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ ལྟོ་ཐོབ་སློབ་གྲྭ་ཚུ་ནང་ བཀྲམ་སྤེལ་འབད་བའི་ཁར་ བཞེས་སྒོ་བཅུད་ཅན་འཐོབ་མ་ཚུགས་པའི་ སློབ་གྲྭ་ཚུ་ནང་ཡང་ བཀྲམ་སྤེལ་འབད་འོང་ཟེར་ སོ་ནམ་དང་ནགས་ཚལ་ལྷན་ཁག་ལས་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

འཛམ་གླིང་སྤྱི་ཚོགས་ཀྱི་ རྒྱབ་སྐྱོར་ཐོག་ལས་ སོ་ནམ་ལས་ཁུངས་ཀྱིས་ འཛམ་གླིང་ནང་ དབུལ་ཕོངས་ཀྱི་ དཀའ་ངལ་བྱུང་མི་ཚུ་ ཞི་ཐབས་ལུ་ གཙོ་བོར་བཟུང་སྟེ་ ཡུན་བརྟན་གནས་ཐབས་ཀྱི་ བཟའ་འཐུང་ཐོན་སྐྱེད་འབད་ནི་དང་ ག་ར་ལུ་ ཁེ་ཕན་སྤྱོད་ཚུགསཔ་འབད་ནི་ཨིན་ཟེར་ སོ་ནམ་དང་ནགས་ཚལ་ལྷན་ཁག་ལས་ གསར་བཏོན་འབད་མིའི་ནང་ བཀོད་འདུག་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *