བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ གློག་མེ་ལས་འགུལ་ཚུ་གི་སྐོར་ལས་ བརྡ་བརྒྱུདཔ་ཚུ་ལུ་ དུས་མཐུན་གནས་ཚད་སྐོར་ གསལ་བཤད་འབད་བའི་བསྒང་།

སྤུ་ན་གཙང་ཆུ་ལས་འགུལ་དང་པའི ཡོངས་རྫོགས་འཆར་གཞི་གིས་ ལཱ་གི་གྲུབ་ འབྲས་འཐོན་ཚུགས་པའི་རེ་བ།

༉ སྤུ་ན་གཙང་ཆུ་ལས་འགུལ་དང་པའི་ ལས་འགུལ་ས་ཁོངས་ནང་ ལཱ་ཚུ་འབད་མ་ཚུགས་པའི་ དཀའ་ངལ་ཐོན་ཡོད་མི་དེ་ལུ་ ད་ལས་ཕར་ ཐབས་ཤེས་ག་དེ་སྦེ་ བཏོན་ནི་ཨིན་ན་དང་ ལཱ་ཚུ་ ག་དེ་སྦེ་ འབད་ནིའི་ཨིན་ནའི་ ཡོངས་རྫོགས་འཆར་གཞི་བཟོ་ནི་གི་ འགན་ཁུར་སྤྲོད་མི་དེ་ སྤྱི་ཟླ་༡༢ པ་ཚུན་ ཞག་དུས་བྱིན་ཏེ་ཡོདཔ་ཨིན་པས།
དེ་ཡང་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ སྤྱི་ཟླ་༡༡ པའི་ཚེས་༢༩ ལུ་ གནས་ཚུལ་ཞལ་འཛོམས་འཚོགསཔ་ད་ བཤད་ཡོདཔ་ད་ ལས་འགུལ་གྱིས་ ཡོངས་རྫོགས་འཆར་གཞིའི་ འཆར་བཀོད་ཚུ་ཡང་ ལྷན་ཁག་ལུ་ ལྷོད་མིའི་ནང་ དུམ་གྲ་ཅིག་མ་བཏུབ་ལས་ ལོག་བཟོ་དགོཔ་སྦེ་ བཏང་ཡོད་མི་དེ་ ཟླཝ་འགི་གི་ བདུན་ཕྲག་དང་པ་དང་གཉིས་པའི་ནང་ བཟོ་བཀོད་ཁ་གསལ་ཚུ་ གསལ་སྟོན་འབད་འོང་ཟེར་ བཤད་ཅི།
ཡོངས་རྫོགས་འཆར་གཞི་ནང་ གཞུང་ལམ་རྩ་བརྟན་བཟོ་ནིའི་ལཱ་ཚུ་ ཇར་མ་ནི་ལས་ཨིན་མི་ བ་ཝེར་ཟེར་མི་ ལས་སྡེ་ལུ་ བྱིན་ཏེ་ཡོད་པའི་ཁར་ ལཱ་ཚུ་ཡང་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།
གློག་ཤུགས་མེ་ག་ཝཱཊ་༡,༢༠༠ འབད་མི་ སྤུ་ན་གཚང་ཆུ་གློག་མེ་ལས་འགུལ་དང་པ་དེ་ནང་ ད་ཚུན་ གདོང་ལེན་བྱུང་ཡོད་མི་དེ་ལུ་ ཐབས་ཤེས་བཏོན་མི་དེ་ མོས་མཐུན་ཐོག་ལས་ ཡོངས་རྫོགས་འཆར་གཞི་དེ་ལུ་ འཛོལ་བ་མེདཔ་སྦེ་ ཆ་གནས་འབད་དེ་ཡོདཔ་ལས་ ལས་འགུལ་གྱི་ གྲུབ་འབྲས་ཡང་ མཐོང་ཚུགས་ཟེར་ སྤུ་ན་གཙང་ཆུ་ལས་འགུལ་དང་པ་དང་གཉིས་པའི་ ཁྲི་འཛིན་ཨིན་མི་ བསྟན་རྒྱས་བློན་པོ་གིས་ བཤད་ཅི།
བཀྲིས་གཡང་རྩེ་ མཁོ་ལོང་ཆུ་གློག་མེ་ལས་འགུལ་དེ་ཡང་ སྤྱི་ལོ་༢༠༢༠ ལས་ ལཱ་གི་གྲུབ་འབྲས་ མཐོང་ཚུགས་ཟེར་ བསྟན་རྒྱས་བློན་པོ་གིས་ བཤད་པའི་ཁར་ ལས་འགུལ་དེ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ འགོ་འདྲེན་འཐབ་སྟེ་ འབད་དོ་ཡོདཔ་ལས་ གཞུང་ལུ་ ལཱ་དེ་ནང་ འབྲེལ་བ་དེམ་ཅིག་ མེདཔ་ཨིན་པས།
གློག་ཤུགས་མེ་ག་ཝཱཊ་༦༠༠ འབད་མི་ མཁོ་ལོང་ཆུ་ལས་འགུལ་དེ་ཡང་ སང་ཕོད་ལོ་འགོ་བཙུགས་ཁམས་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་འོང་ཟེར་ཨིན་པས།
གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་ནང་ ཆུའི་བསྒྱིར་འཕྲུལ་ཚུ་ལུ་ དུམ་གྲ་རེ་ དཀའ་ངལ་ཐོན་ཡོད་སར་ བསྟན་རྒྱས་བློན་པོ་ ངོ་རྐྱང་སྦེ་ བལྟ་བར་སོང་ཡོདཔ་ད་ ད་རེས་ནངས་པར་ བསྒྱིར་འཕྲུལ་ཚུ་ རྒྱུན་སྐྱོང་འབད་མི་ འཕྲུལ་ལས་ཚུ་ཡོདཔ་ལས་ སྤྱི་ཟླ་༡༢ པའི་ཚེས་༡༤ དང་༡༥ དེ་ཅིག་ལུ་ ཆུའི་ཐོག་ལས་བསྒྱིར་མི་ འཕྲུལ་ཆས་༤ པོ་ཆ་ར་ ལཱ་འབད་བཏུབ་ བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ བློན་པོ་གིས་བཤད་ཅི།
དེ་གི་ཤུལ་ལས་ གློག་མེ་ཐོན་སྐྱེད་འབད་མི་ བསྒྱིར་ཆས་ཚུ་ ལེགས་ཤོམ་སྦེ་ ལཱ་འབད་བཏུབ་པ་ཅིན་ ཟླཝ་དག་པ་ཅིག་གི་རྒྱབ་ལས་ ལས་འགུལ་འཛིན་སྐྱོང་གི་དོན་ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ལུ་ རྩིས་སྤྲོད་འབད་འོང་ཟེར་ བློན་པོ་ལོག་ནཱཐ་ཤར་མ་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

གཞུང་གིས་ བཟོ་སྐྲུན་ཅ་ཆས་ཚུ་ ནང་འདྲེན་འབད་ནི་ལུ་ རྩ་འགེངས་དོ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ ནང་འདྲེན་འབད་ནི་ལུ་ དཀའ་ངལ་ཐོན་ཡོད་པའི་གུ་ ད་རེས་ཡང་ སྔར་ག་ཨིནམ་སྦེ་ར་ ནང་འདྲེན་འབད་མ་ཚུགས་རུང་ གཞུང་གིས་ དཀའ་ངལ་སེལ་ཐབས་འབད་ནི་ལུ་ ཆ་རོགས་འབད་བཞིན་དུ་ཡོད་ཟེར་ཨིན་པས། དཀའ་ངལ་དེ་ཡང་ གཙོ་བོ་ར་ ནད་ཡམས་ཀོ་བིཌ་-༡༩ …

Leave a Reply

Your email address will not be published. Required fields are marked *