ཧེ་མ་ སྒྲ་དབྱངས་ནང་ ལཱ་འབད་མི་ཚུ་ སྤུ་ན་གཙང་ཆུ་ལས་འགུལ་༡ པའི་ནང་ ཉིན་ལྟོ་ཟ་བའི་བསྒང་།

སྤུ་ན་གཙང་ཆུ་ལས་འགུལ་གྱིས་ སྒྲ་དབྱངས་ཀྱི་ ལས་བྱེདཔ་ཚུ་ལུ་ ལཱ་གཡོག་བྱིན་ཡོདཔ།

༉ ནད་ཡམས་ཀོ་རོ་ན་བའེ་རཱསི་༼Covid-19༽ གིས་སྦེ་ དབང་འདུས་ཕོ་བྲང་བ་འཇོ་ལུ་ཡོད་མི་ སྤྲོ་སྟོན་ལྟེ་བ་ཚུ་ སྒོ་བསྡམས་མི་ལུ་བརྟེན་ ལཱ་གཡོག་བྱང་མི་༢༤ ལུ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པ་དང་༢ པ་གིས་ གནས་སྐབས་ཀྱི་ ལཱ་གཡོག་བྱིན་ཡོདཔ་ཨིན་པས།
དེ་ཡང་ རྫོང་ཁག་བདག་སྐྱོང་གི་ ཞུ་བ་དང་འཁྲིལ་ སྤུ་ན་གཙང་ཆུ་ལས་འགུལ་༡ པ་གིས་ སྒྲ་དབྱངས་ཀྱི་ལས་བྱེདཔ་༡༤ དང་ ལས་འགུལ་༢ པ་གིས་ མི་༡༠ ལཱ་གཡོག་བྱིན་ནུག།
ལས་འགུལ་དབང་འཛིན་གྱིས་འབད་བ་ཅིན་ ལས་བྱེདཔ་ཚུ་ལུ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༧,༥༠༠ རེ་ སྤྲོད་ནི་ཨིན་མི་དེ་ རྒྱལ་ཡོངས་ལས་མིའི་ ཉིན་བསྟར་གླ་ཆ་ དངུལ་ཀྲམ་༢༣༤ ལས་ དུམ་གྲ་ཅིག་ མང་འོང་ཟེར་ཨིནམ་ད་ ལས་བྱེདཔ་ཚུ་ལུ་ ཁྱིམ་ནང་ལས་ ལཱ་འབད་སར་ འགྱོ་ནི་དང་ ལོག་འོང་ནིའི་དོན་ལས་ འགྲུལ་སྐྱེལ་ཞབས་ཏོག་ཚུ་ཡང་ བྱིནམ་ཨིན་པས།
ཧེ་མ་ སྒྲ་དབྱངས་ནང་ ལཱ་འབད་མི་ གནམ་སྒང་ཚེ་རིང་གིས་ སླབ་མིའི་ནང་ ལས་བྱེདཔ་ཚུ་གིས་ ཉིན་བསྟར་གླ་ཆ་ དངུལ་ཀྲམ་༣༠༠ རེ་ ཡར་སེང་འབད་དགོཔ་སྦེ་ ཞུ་བ་འབད་དེ་ཡོདཔ་ལས་ ངོས་ལེན་འབད་ནི་བཟུམ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ ལཱ་གཡོག་ག་ཅི་ནང་འབད་རུང་ འབྲེལ་འཛིན་འབད་ནི་གི་ གོ་སྐབས་གནང་དགོཔ་སྦེ་ རྫོང་ཁག་བདག་སྐྱོང་ལུ་ ཞུ་ཡི་ཟེར་ཨིནམ་ད་ ང་ལུ་ བཟའ་ཚང་གསོ་ནི་ཡོདཔ་ལས་ འོང་འབབ་ཐོབ་མི་གིས་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ གནམ་སྒང་ཚེ་རིང་གིས་ བཤད་པའི་ཁར་ རྫོང་ཁག་གིས་ སྒྲ་དབྱངས་ཀྱི་ ལས་བྱེདཔ་ཚུ་ལུ་ ཆ་རོགས་འབད་ཡོདཔ་ལས་ ཁོང་གི་ཧོངས་ལས་འབད་རུང་ ཁས་བླངས་ཐོག་ལས་ ཞབས་ཏོག་ཞུ་ནི་གི་ འཆར་གཞི་བརྩམ་དོ་ཟེར་ བཤདཔ་ཨིན་པས།
ལས་བྱེདཔ་༢༤ གིས་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ཡང་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༢,༠༠༠ རེ་ ཐོབ་དོ་ཡོདཔ་ཨིན་པས།
ལས་བྱེདཔ་ཚུ་ གློག་མེ་ལས་འགུལ་༢ ནང་ ཁྱིམ་གྱི་འཛིན་སྐྱོང་དང་ གློག་མེ་དང་འབྲེལ་བའི་ འཕྲུལ་ལསཔ་ཚུ་གི་ གློག་མེའི་ཉམས་སྲུང་ལས་སྣ་ཚུ་ནང་ ལཱ་འབདཝ་ཨིན་པས།
རྫོང་ཁག་འཆར་གཞི་འགོ་དཔོན་གོངམ་ པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁག་ནང་ ག་ཚུད་སྦེ་ བརྟག་ཞིབ་ཅིག་འབདཝ་ད་ ཀོ་བིཌ་-༡༩ གིས་ གཙོ་བོ་ར་ སྤྲོ་སྟོན་ལྟེ་བ་ཚུ་ནང་ ལཱ་འབད་མི་ཚུ་ལུ་ ཐོ་ཕོག་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
ད་རུང་ སྤུ་ན་གཙང་ཆུ་ལས་འགུལ་གྱིས་ མ་ལེན་མི་ ལས་གཡོགཔ་བགྲེསཔ་ གཞན་ཚུ་ལུ་ཡང་ རྫོང་ཁག་གིས་ ལཱ་གཡོག་བྱིན་ནི་གི་ བློ་འདོད་ཡོདཔ་ད་ པ་སངས་རྡོ་རྗེ་གིས་འབད་བ་ཅིན་ ལཱ་གཡོག་བྱང་མི་ཚུ་ལུ་ རྫོང་ཁག་གིས་ མཛེས་ཆ་དང་ལྡན་པའི་ ལས་སྣ་ཚུ་ནང་ འབྲེལ་འཛིན་འབད་བཅུག་ནི་གི་ འཆར་གཞི་བརྩམས་ཏེ་ཡོདཔ་ཨིན་རུང་ ཁོང་གིས་ འདི་བཟུམ་ལཱ་འབད་ནི་གི་ སྤྲོ་བ་མེདཔ་སྦེ་སླབ་ལས་ ད་ལྟོ་ ལཱ་མ་བྱིན་ཟེར་ཨིན་པས།
སྐྱེས་ལོ་༢༦ ལང་མི་ ཀུན་ལེགས་དབང་མོ་ལུ་ སྤུ་ན་གཙང་ཆུ་ལས་འགུལ་ནང་ ལཱ་འབད་ནི་གི་ གོ་སྐབས་ཐོབ་ལས་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོདཔ་ད་ བཟའ་ཚང་ནང་ སྦོམ་ཤོས་ཅིག་ཨིནམ་ལས་ མོ་གིས་སྦེ་ བཟའ་ཚང་སྐྱོང་དགོཔ་མ་ཚད་ ཁང་གླ་སྤྲོད་མ་ཚུགས་པར་ཡོདཔ་ལས་ ལཱ་གཡོག་མ་འཚོལ་བར་ ཐབས་མེད་བྱུང་ཡི་ཟེར་ བཤདཔ་ཨིན་པས།
མོ་གི་ནུམོ་དེ་ སྒྲ་དབྱངས་ནང་ ལཱ་འབད་མི་ཨིནམ་ལས་ མོ་ཡང་ ལཱ་གཡོགཔ་བྱང་ཡོདཔ་མ་ཚད་ ཆང་ཁང་ཅིག་ནང་ ལཱ་འབད་མི་ མོ་རའི་རྨགཔ་དེ་ཡང་ ལཱ་མེདཔ་ཐལ་སོཔ་ལས་ ལས་འགུལ་དེ་གིས་ ང་བཅས་ཡུན་རིངམོ་སྦེ་ བཞག་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ ཀུན་ལེགས་དབང་མོ་གིས་ བཤདཔ་ཨིན་པས།
ལས་བྱེདཔ་དེ་ཚུ་ སྤུ་ན་གཙང་ཆུ་ལས་འགུལ་ནང་ ཟླཝ་༣ གྱི་རིང་ ལཱ་འབད་ནི་ཨིནམ་ད་ ལས་འགུལ་༢ པའི་ འཛིན་སྐྱོང་པ་ཅིག་གིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་གི་ཧོངས་ལས་ ཞུ་བ་འབདཝ་བཞིན་དུ་ སྤུ་ན་གཙང་ཆུ་༡ པ་གིས་ འདི་བཟུམ་མའི་ དུས་ཚོད་ནང་ དཀའ་སྡུག་བྱུང་མི་ཚུ་ལུ་ མི་སྡེ་དང་འབྲེལ་བའི་ རྒྱབ་སྐྱོར་འབད་དགོ་པའི་ འགན་ཁུར་ཡོད་མི་དང་འཁྲིལ་ ལཱ་གཡོག་བྱིན་ཡི་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *