སྤུ་ན་གཙང་ཆུ་ལས་འགུལ་༡ པ་གིས་ ཉམས་རྒུདཔ་བཟའ་ཚང་ཚུ་ལུ་ གཞི་རྟེན༌མཐུན༌རྐྱེན༌བྱིན་ནི།

༉ དབང་འདུས་ཕོ་བྲང་ལུ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ ལས་སྣ་ཚུ་ འབད་བའི་སྐབས་ གནོད་སྐྱོན་བྱུང་མི་ དགའ་སེང་ཚོ་གོངམ་རྒེད་འོག་ གླང་ལུ་སྒང་གི་ མི་སེར་ངོ་རྐྱང་༧ གྱིས་ ས་ཚབ་ཐོབ་སྟེ་ ལོ་ངོ་མང་རབས་ཅིག་གི་ཤུལ་ལས་ ད་རེས་ ལས་འགུལ་དང་ རྫོང་ཁག་བདག་སྐྱོང་གིས་ གཞི་རྟེན་མཁོ་ཆས་ཚུ་ཡང་ བྱིན་ནི་ཨིན་པས།
ལས་འགུལ་དེ་གིས་ གཙུག་སྡེ་༢ ཀྱི་ས་དང་ བཟོ་བཀོད་བརྩིས་ཏེ་ ས་ཞིང་དང་ གཞི་རྟེན་ཁང་༡༡༨ ལུ་ གནོད་སྐྱོན་རྐྱབ་མི་གྲས་ལས་ བཟའ་ཚང་༢༣ གྱི་ ས་ཆ་དང་ ཁྱིམ་ཚུ་ལུ་སྦོམ་སྦེ་ར་ ཐོ་ཕོག་ཡོདཔ་ད་ གླང་ལུ་སྒང་ལུ་ ཁྱིམ་རྐྱབ་ནི་དང་ ས་ཆ་བཅད་ནིའི་ལཱ་ཚུ་ ད་རིས་ཀྱི་ཟླཝ་ལས་ འགོ་བཙུགས་ནི་ཨིན་པས།
ལས་འགུལ་གྱི་ རྫོང་ཁག་ངོ་ཚབ་ འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ བཟའ་ཚང་ཚུ་གི་ དཀའ་ངལ་དེ་ ལེགས་ཤོམ་སྦེ་ སེལ་ཐབས་ལུ་ ས་ཚབ་དང་གཅིག་ཁར་ གཞི་རྟེན་མཐུན་རྐྱེན་ཚུ་ བྱིན་ནི་སྦེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་ རྫོང་ཁག་བདག་སྐྱོང་གིས་ སྤྱི་ལོ་༢༠༡༩ ལུ་ གྲོས་བསྟུན་འབད་དེ་ ཐག་བཅད་ཅི་ཟེར་ཨིན་པས།
ལས་འགུལ་དེ་གིས་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་མི་ཚུ་ལུ་མ་གཏོགས་ ས་ཆ་རྐྱངམ་གཅིག་ལུ་ གནོད་སྐྱོན་རྐྱབ་སྟེ་ཡོད་མི་ ཇོ་བདག་ཚུ་ལུ་ གཞི་རྟེན་མཐུན་རྐྱེན་འཐོབ་ནི་གི་ འོས་འབབ་མེདཔ་ཨིན་པས།
ད་རེས་ ལས་འགུལ་འཛིན་སྐྱོང་དང་ རྫོང་ཁག་བདག་སྐྱོང་གིས་ གཞི་རྟེན་མཐུན་རྐྱེན་ འཁོར་ལམ་དང་ འཐུང་ཆུ་བཀྲམ་སྤེལ་ གློག་མེ་ དེ་ལས་ ས་ཆ་གོང་འཕེལ་གྱི་ རྒྱབ་སྐྱོར་ཚུ་ འབད་ནི་ཨིནམ་ད་ གླང་ལུ་སྒང་ལུ་ འཐུང་ཆུ་བཀྲམ་སྤེལ་རིན་བསྡུར་གྱི་ ལཱ་ཚུ་ཡང་ ད་རེས་ཀྱི་ ཟླ་ཕྱེད་ལས་འབད་ནི་ཨིན་པས།
འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ས་ཆ་དང་ འཁོར་ལམ་སེལ་ནིའི་དོན་ལུ་ འཕྲུལ་ཆས་ཚུ་ རྫོང་ཁག་གིས་ རྒྱབ་སྐྱོར་འབད་ནི་ཨིན་རུང་ འཕྲུལ་ཆས་ཀྱི་ མར་ཁུ་དང་ སྦྱུག་སྣུམ་གྱི་རིན་ ལས་འགུལ་འཛིན་སྐྱོང་གིས་ རྒྱབ་སྐྱོར་འབད་ནི་ཨིན་པས།
གླང་ལུ་སྒང་ལུ་ བཟའ་ཚང་༡༢ ཀྱིས་ གློག་མེ་ཞབས་ཏོག་དེ་ཡང་ འཕྲལ་མགྱོགས་ར་ འཐོབ་ཚུགས་ནི་ཨིནམ་ད་ རྫོང་ཁག་བདག་སྐྱོང་གིས་ དངུལ་ཀྲམ་ས་ཡ་༢.༣ དེ་ཅིག་ ལས་སྣའི་དོན་ལུ་ བགོ་བཀྲམ་འབད་དེ་ཡོདཔ་བཞིན་དུ་ ལས་འགུལ་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འབྲུག་གློག་མེ་ལས་འཛིན་གྱིས་ གློག་མེ་བཀྲམ་སྤེལ་གྱི་ ལཱ་འབད་ནི་ཨིན་པས།
དེ་བཟུམ་སྦེ་ རྒྱ་མཚོ་ཁ་དང་ རིན་ཆེན་སྒང་ལུ་ སྤོ་བཤུད་འབད་མི་ ཁྱིམ་གུང་ཚུ་ལུ་ འཐུང་ཆུ་བཀྲམ་སྤེལ་ནི་དེ་ཡང་ ས་ཁོངས་ནང་ ལྷོད་ཡོདཔ་བཞིན་དུ་ འཐུང་ཆུ་དེ་ ཁྱིམ་གུང་རེ་རེ་བཞིན་དུ་ནང་ ལྷོད་དགོཔ་ཡོད་ཟེར་ འཇིགས་མེད་རྡོ་རྗེ་གིས་ བཤདཔ་ཨིན་པས།
རྒྱ་ཚོ་ཁ་ལུ་ ཁྱིམ་གུང་༡༡ ལུ་ འཐུང་ཆུ་ཚུ་ ན་ཧི་རྒེད་འོག་ལས་ བདུན་ཕྲག་དག་པ་ཅིག་གི་ ནང་འཁོད་ལུ་ བཀྲམ་སྤེལ་འབད་ནི་ཨིནམ་བཞིན་དུ་ དེ་གི་དོན་ལུ་ འཆར་དངུལ་ས་ཡ་༡.༩ དེ་ཅིག་ བཞག་སྟེ་ཡོདཔ་ད་ རིན་ཆེན་སྒང་ལུ་ འཐུང་ཆུ་དེ་ དམིགས་བསལ་ལས་རིམ་བརྒྱུད་དེ་ བཀྲམ་སྤེལ་འབད་ནི་ཨིན་པས།
ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཨེན་སི་ བཱན་སཱལ་གྱིས་ སླབ་མིའི་ནང་ གོང་འཕེལ་སྲིད་བྱུས་༢༠༠༨ ཅན་མ་དང་འཁྲིལ་ཏེ་ ལས་འགུལ་གྱིས་ གནོད་སྐྱོན་རྐྱབ་མི་ བཟའ་ཚང་༢༣ གྱི་ འཐུས་མི་རེ་ལུ་ ལས་འགུལ་མཇུག་མ་བསྡུ་ཚུན་ ལཱ་བྱིན་ཏེ་ཡོད་ཟེར་ཨིན་པས།
སྲིད་བྱུས་ནང་ གནོད་སྐྱོན་བྱུང་མི་ཚུ་གིས་ ལོ་བསྟར་བཞིན་དུ་ གློག་མེ་ཡུ་ནིཊ་༡༠,༠༠༠ དེ་ཅིག་ རིན་མེད་སྟོང་པ་ ཐོབ་དགོཔ་སྦེ་ཡོདཔ་ད་ ས་ཆ་རྐྱངམ་གཅིག་ གནོད་སྐྱོན་བྱུང་མི་ཚུ་ལུ་ རྫོང་ཁག་གིས་ ཞིང་ཆུའི་ཞབས་ཏོག་བྱིན་ནི་སྦེ་ ཁས་ལེན་འབད་དེ་ཡོདཔ་ཨིན་པས།
གནོད་སྐྱོན་རྐྱབ་མི་ ངོ་རྐྱང་༡༡༨ ཀྱི་གྲས་ལས་༨ ལུ་ ས་ཆ་ཌིསི་༡༠ མ་ལངམ་ཅིག་ཡོདཔ་ལས་ དངུལ་འབྲེལ་གྱི་ རྒུད་འཐུས་ཐོབ་སྟེ་ཡོདཔ་ཨིན་པས།
ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་གྱིས་འབད་བ་ཅིན་ གློག་མེ་འཕྲུལ་ཁང་དང་ གློག་མེད་བཀག་གཏོང་/འཕྲུལ་ཆས་བཅོ་ཁང་ལྟེ་བ་ ཡིག་ཚང་དང་ སྡོད་གནས་ཁང་བཟོ་སྐྲུན་ དེ་ལས་ གཞུང་ལམ་གྱི་ དཔག་ཚད་བསྒྱུར་བཅོས་འབདབའི་སྐབས་ བཟའ་ཚང་ཚུ་གི་ ཁང་ཁྱིམ་དང་ ས་ཆ་ཚུ་ལུ་ གནོད་སྐྱོན་རྐྱབ་ནུག་ཟེར་ ཨིན་་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *