སྤྱི་ཟླ་༦ པའི་ཚེས་༡༩ ལུ་ སྤུ་ན་གཙང་ཆུ་ལས་འགུལ་༡ པའི་ འཛིན་སྐྱོང་འགོ་དཔོན་ཚུ་གིས་ ཁྱིམ་ནང་འགྱོ་དགོ་མནོ་མི་ རྒྱ་གར་གྱི་ལས་མི་༢༠༠ དེ་ཅིག་དང་ འཕྱད་ཐོག་ལས་ འབྲུག་ལུ་སྡོད་དགོཔ་སྦེ་ སླབ་པའི་བསྒང་།

སྤུ་ན་གཙང་ཆུ་༡ པ་དང་༢ པའི་ལས་མི་༥༠༠ ལྷགཔ་ཅིག་ ཁྱིམ་ནང་འགྱོ་ནི་ལུ་སྒུག་ཡོདཔ།

༉ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ནང་ ལཱ་འབད་མི་ རྒྱ་གར་གྱི་ ལས་མི་༣༥༠ དེ་ཅིག་ རང་སོའི་ཁྱིམ་ནང་ འགྱོ་ནི་གི་དོན་ལུ་ འབྲེལ་ཡོད་གཞུང་གི་ གནང་བ་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
ལས་མི་དེ་ཚུ་གི་གྲས་ལས་ སྤྱི་ཟླ་༧ པའི་ཚེས་༡ ཚུན་ ལས་མི་༡༠༨ ཕུན་ཚོགས་གླིང་ལུ་ ལྷོད་ཡོདཔ་བཞིན་དུ་ ལས་མི་ཚུ་ལུ་ སྡོད་ས་དང་ བཞེས་སྒོ་ཚུ་ ཁག་འབགཔ་གིས་ བྱིནམ་ཨིན་པས།
ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཁྱིམ་ནང་འགྱོ་དགོ་མནོ་མི་ ལས་མི་གཞན་ཚུ་གིས་ ལཱ་འབད་ནི་བཞག་སྟེ་ བདུན་ཕྲག་ལང་ཡོདཔ་མ་ཚད་ ཁོང་གི་ཞུ་བ་ལུ་ འཛིན་སྐྱོང་གི་ གནང་བ་ལུ་ སྒུག་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༨ ལུ་ སྤུ་ན་གཙང་ཆུ་ལས་འགུལ་༢ པའི་ ལས་མི་༣༥༠ ལྷགཔ་ཅིག་གིས་ འཛིན་སྐྱོང་ལུ་ ཁོང་ཆ་ཁྱབ་ ཁྱིམ་ནང་གཏང་གནང་ཟེར་ ཨུ་ཚུགས་བསྐྱེད་ཡོདཔ་ད་ ལས་འགུལ་༢ པའི་ནང་ ལཱ་འབད་མི་ ཇེ་པི་ཁག་འབག་ལས་སྡེའི་ ལས་མི་ཅིག་གིས་ སླབ་མིའི་ནང་ ཁྱིམ་ནང་འགྱོ་འདོད་བསྐྱེད་མི་ ལས་མི་མང་ཤོས་ཅིག་ར་ ནུབ་བེང་གཱལ་ ཇར་ཁཱནཌ་མངའ་སྡེ་ཚུ་ལས་ཨིན་ཟེར་ཨིན་པས།
ལས་མི་ཚུ་གིས་འབད་བ་ཅིན་ ཁོང་གི་གཡུས་ཁ་ལུ་ ཞིང་ཆུའི་དཀའ་ངལ་ཡོད་མི་ལུ་བརྟེན་ ཁྱིམ་ནང་ཆ་རོགས་འབད་བར་ འགྱོ་དགོ་པས་ཟེར་ཨིནམ་ད་ ཁོང་ར་ བཟའ་ཚང་གི་ འགོ་འཛིན་ཨིནམ་ལས་ བཟའ་ཚང་དང་གཅིག་ཁར་ སྡོད་པ་ཅིན་ དྲག་ནི་མས་ཟེར་ གཅིག་གིས་ བཤདཔ་ཨིན་པས།
ཁྱིམ་ནང་འགྱོ་འདོད་བསྐྱེད་མི་ ལས་མི་མང་ཤོས་ཅིག་ར་ ལས་འགུལ་ནང་ ལཱ་འབད་དེ་ ཟླཝ་༦ ལས་༨ དེ་ཅིག་ ལང་ཡོདཔ་ད་ ལས་མི་ཚུ་ ལོ་རེ་ནང་ཚར་རེ་ གཡུས་ཁ་ལུ་ འགྱོ་ནི་ཡོདཔ་མ་ཚད་ ཁོང་གི་ཚབ་སྦེ་ ལས་མི་སྡེ་ཚན་སོ་སོར་ འོང་ནི་ཡོདཔ་ཨིན་པས།
བདུན་ཕྲག་༡ གི་ཧེ་མར་ ལས་མི་༡༢ ཀྱིས་ སྒེར་འཁོར་ཚུ་ གླ་ཁར་ལེན་ཐོག་ལས་ ཕུན་ཚོགས་གླིང་ལུ་ སོང་ཡོད་རུང་ ཁོང་ཆ་ཁྱབ་ མགྱོགས་པ་ར་ ལོག་འོང་དགོ་ཟེར་ ལས་མི་ཅིག་གིས་ བཤདཔ་ཨིན་པས།
འཛིན་སྐྱོང་གི་ ཁ་ཐུག་ལས་ འབྲི་ཤོག་ལེ་ཤ་ཅིག་ བཀང་དགོཔ་སྦེ་ སླབ་དོ་ཡོདཔ་མ་ཚད་ འབྲི་ཤོག་ཚུ་སྤྲོད་རུང་ དེ་སྦེ་ར་ སྒུག་བཞགཔ་མ་ཚད་ འགྱོ་ནི་གི་ ཚེས་གྲངས་ལེ་ཤ་བྱིན་ནི་འདུག་ཟེར་ལས་མི་གཞན་ཅིག་གིས་ བཤད་པའི་ཁར་ ཁོང་གིས་ ཤོབ་རྐྱབ་སྟེ་ ང་བཅས་ནམ་ཚུན་ཚོད་ སྒུག་བཞག་ནི་སྨོ་ཟེར་ སླབ་ཨིན་པས།
ད་རེས་ ལས་འགུལ་༢ པའི་འཛིན་སྐྱོང་གིས་ ལས་མི་ཚུ་ ཁྱིམ་ནང་གཏང་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ད་ འཛིན་སྐྱོང་མདོ་ཆེན་ ཨམ་རེཤ་ཀུ་མར་གྱིས་ སླབ་མིའི་ནང་ མ་གཞི་ རྒྱ་གར་ལུ་ རྒྱུན་འགྲུལ་བཀག་དམ་འབད་མི་ཚུ་ ཡངས་སུ་བཟོ་བཞིན་དུ་ཡོད་རུང་ རྒྱལ་སྤྱི་ས་མཚམས་ཚུ་ལས་ རྒྱུན་འགྲུལ་བཀག་འཛིན་འབད་དེ་ར་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་མི་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་ནིའི་དོན་ལས་ གནས་ཚད་ཅན་གྱི་ ལག་ལེན་བྱ་སྒོ་དང་འཁྲིལ་དགོཔ་ལས་ རྒྱ་གར་གྱི་ མངའ་སྡེ་ཁག་སོ་སོ་དང་ རྒྱ་གར་གཞུང་ལྟེ་བ་དང་ མཉམ་འབྲེལ་འབད་དགོ་པའི་ བྱ་རིམ་ཚུ་ སྒྲིག་དགོ་པས་ཟེར་ཨིན་པས།
ལས་འགུལ་གྱིས་ ལས་མི་དེ་ཚུ་ ཁྱིམ་ནང་འགྱོ་བཅུག་ནིའི་དོན་ལུ་ ཐིམ་ཕུག་ལུ་ཡོད་མི་ རྒྱ་གར་གཞུང་ཚབ་ལས་ཁང་དང་ འབྲེལ་བ་འཐབ་བཞིན་དུ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
སྤུ་ན་གཙང་ཆུ་ལས་འགུལ་༡ པའི་ ལས་མི་༢༠༠ དེ་ཅིག་གིས་ཡང་ ཁྱིམ་ནང་འགྱོ་ནི་སྦེ་ སླབ་ཡོདཔ་ད་ འཛིན་སྐྱོང་མདོ་ཆེན་ ཨེན་སི་བཱན་སཱལ་གྱིས་ སླབ་མིའི་ནང་ ལས་འགུལ་༡ པའི་ འཛིན་སྐྱོང་གིས་ ལས་འགུལ་༢ པའི་ བྱ་བའི་གནད་སྤྱོད་དང་འཁྲིལ་ དང་ལེན་འབད་འོང་ཟེར་ཨིནམ་ད་ འཛིན་སྐྱོང་གི་ཧོངས་ལས་ ལས་མི་ཚུ་ ནཱ་ར་སྡོད་དགོཔ་སྦེ་ སླབ་དོ་ཡོད་མི་དེ་ཡང་ གཞུང་གཉིས་ལས་ གནང་བ་མེད་པར་ འགྱོ་མི་ཆོག་ཟེར་ཨིན་པས།
ད་རེས་ནངས་པར་ ལས་འགུལ་གཉིས་ཆ་ར་གིས་ རྒྱ་གར་གྱི་ ལས་མི་ཚུ་གི་ ས་སྟོང་བསུབ་ནིའི་དོན་ལུ་ འབྲུག་མི་ཚུ་ བཙུགས་ནི་གི་ དཔའ་བཅམ་དོ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *