སྤུ་ན་ཁ་རྫོང་ཁག་གི་ འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་པ་ལུ་ ཉེས་ཆད་དང་ཉེན་བརྡ།

༉ འབྲུག་གི་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལས་སྡེ་ལྟེ་བ་གིས་ སྤུ་ན་ཁ་རྫོང་ཁག་གི་ འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་པ་ རྣམ་རྒྱལ་རིན་ཆེན་ལུ་ ཉེན་བརྡ་དང་ ལས་མིའི་གླ་ཆ་ཚད་གཞི་ཉུང་ཤོས་ཐོག་ ཉིན་གྲངས་༣༠ འི་ ཉེས་ཆད་བཀལ་ནུག།

སྤྱི་ཟླ་༡༠ པའི་ཚེས་༩ ལུ་བཏོན་མི་ གྲོས་ཆོད་ནང་ འགོ་འདྲེན་པ་གིས་ མི་སྡེ་བརྡ་བརྒྱུད་ནང་ གནས་ཚུལ་རྫུས་མ་ཁྱབ་སྤེལ་འབད་དེ་ བཙག་འཐུའི་གོ་སྐབས་ མར་ཕབ་འབད་ནི་གི་ དཔའ་བཅམ་ཡོདཔ་ལས་ བཙག་འཐུ་ལྷན་ཚོགས་ཀྱི་ མི་སྡེ་བརྡ་བརྒྱུད་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མའི་དོན་ཚན་༤.༤ ལས་ འགལ་ཡོདཔ་ལས་ འབྲུག་གི་བཙག་འཐུའི་རྩོད་རྙོགས་སེལ་ཐབས་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མའི་དོན་ཚན་༢༩.༡.༡ དང་འཁྲིལ་ ཉེན་བརྡ་དང་ ཉེས་ཆད་བཀལ་ཡི་ཟེར་བཀོད་ནུག།

རྩོད་དོན་དེ་ཡང་ འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་ཕུར་པ་གིས་ སྤྱི་ཟླ་༡༠ པའི་ཚེས་༢ ལུ་ རྣམ་རྒྱལ་རིན་ཆེན་གྱི་སྐོར་ལས་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ་ད་ ཉོགས་བཤད་ནང་ རྣམ་རྒྱལ་རིན་ཆེན་གྱིས་ མི་སྡེ་བརྡ་བརྒྱུད་ཝི་ཅེཌ་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱ་འབྲུག་གི་མཐུན་ལམ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ གལ་སྲིད་ ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་པ་ཅིན་ རྒྱ་གར་གྱིས་ གོང་འཕེལ་གྲོགས་རམ་དང་ ཐ་ན་ ནང་འདྲེན་ཡང་ མཚམས་འཇོག་འབད་འོང་ཟེར་ གནས་ཚུལ་རྫུས་མ་ཁྱབ་སྤེལ་འབད་ནུག་ཟེར་ ཁ་ཉེས་བཀལ་ནུག།

ཉོགས་བཤད་དེ་ཡང་ དང་པ་ར་ བརྡ་བརྒྱུད་འདུམ་འགྲིགས་ཡིག་ཚང་ནང་ བཙུགས་ཡོདཔ་བཞིན་དུ་ ཡིག་ཚང་གིས་ རྩོད་རྙོགས་དེ་ བསྐྱར་ཞིབ་མཐིལ་ཕྱིན་འབད་བའི་ཤུལ་ལུ་ ཐོ་བཀོད་འབད་དེ་ རྩོད་ཟླ་རྣམ་རྒྱལ་རིན་ཆེན་འབོད་བཀུག་འབད་དེ་ ངག་བརྗོད་ལེན་མིའི་ནང་ རྩོད་ཟླ་གིས་ ཝི་ཅེཌ་གི་བརྡ་འཕྲིན་སྤེལ་ཡོདཔ་ ངེས་བདེན་ཨིནམ་སྦེ་ ངོས་ལེན་འབད་ནུག།

བརྡ་འཕྲིན་དེ་ཡང་ དང་པ་ར་ རྣམ་རྒྱལ་རིན་ཆེན་གྱིས་ འབྲུག་མཉམ་རུབ་ཚོགས་པའི་ བྱང་ཐིམ་ཕུག་ཝི་ཅེཌ་སྡེ་ཚན་ནང་ བཏང་ཡོད་པའི་ ཁས་ལེན་གྲུབ་མི་དེ་ཡང་ ཁོ་ར་ འབྲུག་མི་ཅིག་ཨིན་ཟེར་ མནོ་བསམ་བཏང་སྟེ་ སླབ་སླབ་ཨིནམ་ལས་ སྲིད་ཚོགས་ཀྱི་ གཞུང་འབྲེལ་གནས་ཚུལ་གསར་བཏོན་དང་ འདེམས་ངོ་ཚུ་གི་ བྱ་བྱེད་ལུ་རྐྱངམ་གཅིག་ལུ་ ངོས་འཛིན་མཛད་གནང་ཟེར་ ཞུ་ཡོདཔ་ཨིན་པས།

རྣམ་རྒྱལ་རིན་ཆེན་གྱི་ ངག་བརྗོད་དང་འཁྲིལཝ་ད་ ཁོ་གིས་ ཝི་ཅེཌ་བརྡ་འཕྲིན་སྤེལ་དགོ་མི་དེ་ཡང་ ཁོ་ར་ རྒྱ་གར་གྱི་གནས་ཚུལ་ ཨེན་ཨེམ་ཨེཕ་ནང་ འབྲུག་མཉམ་རུབ་ཚོགས་པ་ གཞུང་སྐྱོང་འཐོབ་པ་ཅིན་ རྒྱ་འབྲུག་གི་ མཐུན་ལམ་ལེགས་ཤོམ་འགྱོ་འོང་ཟེར་དང་ འབྲུག་ཕུན་སུམ་ཚོགས་པ་ བཙག་འཐུ་འགྲུབ་པ་ཅིན་ སྟབས་མ་བདེཝ་ཚུ་ འབྱུང་འོང་ཟེར་ རྒྱང་བསྒྲགས་འབད་ཡོད་མི་ལུ་ གཞི་བཞག་སྟེ་ཨིན་ཟེར་བཀོད་ནུག།

རྩོད་དོན་དེ་ བརྡ་བརྒྱུད་འདུམ་འགྲིག་ཡིག་ཚང་གིས་ སྤྱི་ཟླ་༡༠ པའི་ཚེས་༣ ལུ་ རྩོད་རྙོགས་དེའི་ ཞིབ་དཔྱད་སྙན་ཞུ་དང་ གྲོས་འདེབས་དེ་ བཙག་འཐུ་རྩོད་རྙོགས་སེལ་ཐབས་ལས་སྡེ་ལྟེ་བ་ལུ་ བཏང་ཡོདཔ་ཨིན་པས།

ལྟེ་བ་གིས་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་༢ ལུ་ འདི་བཟུམ་གྱི་རྩོད་རྙོགས་ ད་ལས་ཕར་ བཀག་ཐབས་དང་ མར་ཕབ་འབད་ནིའི་དོན་ལུ་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་བཅའ་ཡིག་དང་ སྒྲིག་གཞི་༢༠༡༨ ཅན་མའི་དོན་ཚན་༢༩.༡.༥ པ་ལྟར་ རང་སོའི་སྲིད་དོན་ཚོགས་པའི་ འདེམས་ངོ་༤༧ དང་ རྫོང་ཁག་༢༠ འི་འགོ་འདྲེན་པ་ཚུ་གིས་ རྫོང་ཁག་མི་སྡེ་བརྡ་བརྒྱུད་ལྟ་རྟོག་འགོ་དཔོན་ཚུ་ དེ་འཕྲོ་ལས་ མི་སྡེ་བརྡ་བརྒྱུད་སྡེ་ཚན་ ཝི་ཅེཊ་དང་ ཝཱཊིསི་ཨེབ་ ཕེསི་བུག་བརྡ་འཕྲིན་ལ་སོགས་པ་ཚུ་ནང་ བཙུགས་དགོཔ་སྦེ་ གྲོས་ཆོད་གྲུབ་ཡོད་པའི་གནས་ཚུལ།

About admin

Check Also

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཐུན་རྐྱེན་བཏོག་མི་གིས་ གདོང་ལེན་འབྱུང་ནི།

༉ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ཚུན་ ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ དྲོ་པ་དང་ ཉིན་མའི་ལྟོ་དང་ འབྲུག་གཞུང་གིས་ ཚོད་བསྲེ་གི་ འཐུས་བྱིན་ཏེ་ཡོད་མི་དེ་ སང་ཕོད་ལས་ མི་བྱིན་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ …

Leave a Reply

Your email address will not be published. Required fields are marked *