བཀང་ལུང་སྤང་ཐང་གི་ སོ་ནམ་པ་ཚུ་གིས་ གཡུས་ཚན་གཞན་ལས་ ཞིང་ཆུ་ལྷང་ཐོག་ལས་ ལྕང་ལཱ་རྐྱབ་པའི་བསྒང་།

སྤང་ཐང་གཡུས་ཚན་ནང་ ཞིང་ཆུའི་དཀའ་ངལ་ ཚབས་ཆེན་སྦེ་ར་ཡོདཔ།

ས་གནས་ཀྱི་མི་ཚུ་ གཡུས་ཚན་གཞན་གྱི་ སོ་ནམ་པ་ཚུ་ལས་ ཞིང་ཆུ་ལྷང་པར་ འགྱོ་དོ་ཡོདཔ་ཨིན་པས།

༉ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ བཀང་ལུང་རྒེད་འོག་ སྤང་ཐང་གཡུས་ཚན་ལས་ ཀརྨ་དགའ་ལེགས་ཀྱིས་ ཁྲ་གོངམ་གཡུས་མི་ཚུ་ལས་ ཞིང་ཆུ་བགོ་བཤའ་རྐྱབ་གནང་ཟེར་ སྒོ་བཤལ་རྐྱབ་སྟེ་ གསལ་ཞུ་འབད་བར་ སོང་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཨ་རིང་ཚུ་ བཟའ་སྤྱོད་མ་འབད་བར་ བཞག་མི་ཚུགས་ནི་ཨིན་རུང་ འབྱ་འཛུགས་སྐྱོང་འབད་ནིའི་ དུས་ཚོད་གངམ་མེདཔ་ལས་ ཐབས་ར་མེད་པར་ གཡུས་མི་མཉམ་རོགས་ཚུ་ལས་ ཆུ་ལྷང་དགོཔ་ བྱུངམ་མས་ཟེར་ཨིན་པས།
དེ་འབདཝ་ད་ ཁོ་གིས་ ཞིང་ཆུ་ཐོབ་ཚུགས་རུང་ ལཱ་ལེ་ཤ་འབད་དགོཔ་ཡོད་མི་དེ་ཡང་ ལཱ་ཁག་སྦེ་ལྷང་སྟེ་ཐོབ་མི་ ཞིང་ཆུ་དེ་ ཁྱིམ་ཚང་གཞན་གྱིས་ ནུབ་མོ་ཨརཝ་རྐུ་སྟེ་ ཁོང་གི་ཞིང་ཚུ་ནང་ དཔག་ནི་ལས་ བཀག་ཐབས་ལུ་ ནུབ་མོར་འཕྲལ་འཕྲལ་ར་ ཆུའི་སྦོམ་ཆུང་ཚུ་ ལྟ་རྟོག་འབད་དེ་ སྡོད་དགོཔ་ཨིན་པས།
གཡུས་མི་གཞན་ བཀྲིས་དབང་འདུས་ཀྱིས་ བཤད་མིའི་ནང་ ཁོ་གིས་ ནུབ་མོར་ཞིང་ཆུ་སྲུང་སྡོད་དེ་ ལོ་ངོ་༢༠ དེ་ཅིག་ ལང་ཡི་ཟེར་ཨིནམ་ད་ ཆུ་གཡུར་དེ་ རྩི་ས་གིས་རྐྱབ་སྟེ་མེདཔ་ལས་ མི་ཚུ་གིས་ རང་སོའི་ཞིང་ནང་ ག་ལྷོད་ས་ལས་ ཆུ་ཁ་བསྒྱུར་གཏང་ནི་འདུག་ཟེར་ཨིན་པས།
ཁོང་རྐྱངམ་གཅིག་མེན་པར་ དུས་ཚོད་ཁར་ ལྕང་ལཱ་རྐྱབ་མ་ཚར་བར་ ལུས་ནི་གི་ ཚ་གྱང་ལང་མི་ སོ་ནམ་གཞན་ལེ་ཤ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ འབྱ་འཛུགས་སྐྱོང་འབད་ནི་དེ་ བདུན་ཕྲག་ཅིག་གིས་ ཕྱིས་སོང་པ་ཅིན་ ཐོན་སྐྱེད་ལུ་ ཐོ་ཕོག་ནི་ཨིནམ་ལས་ ད་ལྟོ་ ཚ་ངེར་བཏོན་ཏེ་ ལྕང་ལཱ་རྐྱབ་པའི་བསྒང་ཡོདཔ་ཨིན་པས།
གནས་སྟངས་དེ་ དུས་ཅི་ འགོ་དང་པ་མེནམ་ལས་ གཡུས་ཚན་དེ་གི་ མི་སེར་ཚུ་ལུ་ འདས་པའི་ལོ་ངོ་༢༦ དེ་ཅིག་གི་རིང་ ཞིང་ཆུའི་དཀའ་ངལ་ཐོན་ཏེ་ཡོདཔ་ཨིན་པས།


གཡུས་ཚན་དེ་གི་ ཞིང་ཆུའི་རྐ་ཕུད་རྡོག་གཅིག་ལས་མེད་མི་དེ་ཡང་ གཡུས་ཚན་ལས་ ཀི་ལོ་མི་ཊར་༦ དེ་ཅིག་གི་ས་གནས་ བུལ་ཐའི་ལུ་ཡོད་མི་དེ་ ཧ་ལམ་སྐམ་དོ་ཡོདཔ་ད་ ཆུ་རྐ་དེ་ལས་ སྤྱི་ལོ་༡༩༩༠ གོ་གྲངས་ལུ་ ཞིང་ཆུ་འགོ་དང་པ་ བཏོན་ཡོདཔ་ཨིན་པས།
རི་གཙང་དུང་དང་ སྤང་ཐང་སྤྱི་འོག་གི་ མི་སེར་ཚུ་ ཆུ་རྐ་དེ་གིས་ ལོ་ངོ་༡༢ ཀྱི་རིང་ ཕན་ཐོགས་ཏེ་ཡོདཔ་ད་ ས་ཁོངས་དེ་ནང་ མི་རློབས་ཡར་སེང་འགྱོ་མི་དང་ ལུང་ཕྱོགས་ཡིག་ཚང་ཚུ་ཡང་ དེ་ནང་ གཞི་བཙུགས་འབད་ནི་དེ་གིས་ ཆུ་རྐ་དེ་ལས་ འཐུང་ཆུའི་དོན་ལུ་ཡང་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཆུ་རྐ་དེ་སྐམ་ནི་ འགོ་བཙུགས་པའི་ཤུལ་ལས་ ཤིང་རྩེ་བྲང་ཟེར་མི་ལས་ ཆུ་རྐ་ངོས་འཛིན་འབད་ཡོད་རུང་ ཆུ་ཚད་ཅིག་ལས་མེདཔ་ལས་ གཡུས་མི་ཚུ་ག་ར་ འབྱ་འཛུགས་སྐྱོང་འབད་ནིའི་དོན་ལུ་ ཆར་ཆུ་ལུ་བརྟེན་དགོཔ་ཐོན་ཡོདཔ་ཨིན་པས།
ཀརྨ་དགའ་ལེགས་ཀྱིས་ སླབ་མིའི་ནང་ ཆར་ཆུ་དེ་ཡང་ དུས་ཚོད་ཁར་ རྐྱབ་ནི་མེདཔ་ལས་ ཞིང་ཆུའི་དོན་ལུ་ གཡུས་ཚན་གཞན་གྱི་ ཆུ་རྐ་ལུ་བརྟེན་དགོ་པས་ཟེར་ཨིན་པས།
སྐྱེས་ལོ་༢༦ ལང་མི་གིས་ སླབ་མིའི་ནང་ འབྱ་འཛུགས་སྐྱོང་འབད་ནི་ལུ་ དུས་ཚོད་གངམ་མེདཔ་ལས་ རྩ་འགེངས་དོ་ཡོདཔ་མ་ཚད་ ཨ་རིང་ཚུ་ བཟའ་སྤྱོད་མ་འབད་བར་ བཞག་ནིའི་མནོ་བསམ་མེད་རུང་ ཐབས་ར་མིན་འདུག་ཟེར་ཨིན་པས།
སྐྱེས་ལོ་༣༥ ལང་མི་ སོ་ནམ་པ་གིས་ སླབ་མིའི་ནང་ ཤིང་རྩེ་བྲང་ལུ་ཡོད་མི་ ཆུ་རྐ་གུ་ ཆུ་མཛོད་རྐྱབ་པ་ཅིན་ ཆུ་ཆུང་ཀུ་ཅིག་ལས་མེད་རུང་ གསོག་འཇོག་འབད་དེ་ གཡུས་ཚན་དེ་གི་ ཞིང་ཆུའི་དཀའ་ངལ་ཡང་ སེལ་ཚུགས་ནི་མས་ཟེར་ཨིན་པས།
ཞིང་ཆུའི་དཀའ་ངལ་ལུ་བརྟེན་ མི་སེར་ཚུ་གིས་ གེ་ཟ་འཛུགས་སྐྱོང་འབད་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ད་ ད་རེས་ ཚུ་ཤིང་དང་གོར་ཐུང་ དེ་ལས་ མཁར་ཟ་གཡུས་ཚན་ཚུ་ནང་ ཆུ་ཞིང་ཨེ་ཀར་༢༠ དེ་ཅིག་ ཞིང་སྟོང་སྦེ་ ལུས་ཏེ་ཡོདཔ་ཨིན་པས།
ཀརྨ་དགའ་ལེགས་ཀྱིས་འབད་བ་ཅིན་ སྤང་ཐང་སྨད་ལུ་ ཆུ་ཞིང་ཨེ་ཀར་༡,༠༠༠ ལས་བཅད་དེ་ ཚལ་མ་ལུ་གྱུར་ཏེ་འདུག་ཟེར་ཨིན་པས།
ཚོགས་པ་བཀྲིས་རྣམ་རྒྱལ་གྱིས་ སྤྱི་འོག་དེ་ནང་ ཞིང་ཆུའི་དཀའ་ངལ་ ཚབས་ཆེན་སྦེ་ར་ཡོད་པའི་སྐོར་ལས་ དབང་འཛིན་ཚུ་ལུ་ ཞུ་དགོཔ་སྦེ་ མི་སེར་ཚུ་གིས་ སླབ་བཞིན་དུ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *