འཛུགས་སྐྱོང་འབད་མི་ ཧ་ཟེ་ཤིང་།

སྤ་རོའི་ སོ་ནམ་པ་ཚུ་ལུ་ དངུལ་ཐོག་ཧ་ཟེ་ ཡོངས་གྲགས་མེདཔ།

༉ དར་མགོ་རྡོ་རྗེ་གིས་ སྤ་རོ་ལུ་ ཁོ་རའི་ ས་ཆ་སྟོངམ་ཡོད་མི་དེ་ བཟའ་སྤྱོད་མ་འབད་བར་བཞག་སྟེ་ དོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་གྱི་ དེད་གཡོགཔ་འབད་ནི་ལུ་ གདམ་ཁ་རྐྱབ་ཡོད་རུང་ དེ་ཅིག་བར་ན་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོནམ་ལས་ དེད་གཡོག་པའི་ལཱ་འབད་དེ་ འོང་འབབ་བཟོ་མ་ཚུགས་ནི་དེ་གིས་ ལོག་སྟེ་ སོ་ནམ་ཞིང་ལཱ་འབད་བར་ སོང་ཡོདཔ་ཨིན་པས།

དེའི་ཤུལ་ལས་ ཁོ་གིས་ དངུལ་ཐོག་ཧ་ཟེ་ འཛུགས་སྐྱོང་འབད་ནི་ལུ་ དང་འདོད་བསྐྱེད་ཡོད་རུང་ དངུལ་ཐོག་དེ་ སྤ་རོ་ལུང་གཤོང་གི་ སོ་ནམ་པ་ཚུ་ལུ་ ཡོངས་གྲགས་དེ་ཅིག་མེདཔ་ཨིན་པས།

ཨིན་རུང་ ཁོ་གིས་ ས་ཆ་ཨེ་ཀར་༥ ནང་ དངུལ་ཐོག་དེའི་ལྕངམ་ཚུ་ འཛུགས་སྐྱོང་འབད་ཡོདཔ་ད་ སྤུ་ན་ཁ་ལུ་ཡང་ ཁོ་གིས་ ལྕངམ་ཚུ་བཙུགས་ཡོདཔ་ཨིན་པས།

ཁོ་གིས་བཤད་མིའི་ནང་ ལཱ་དེ་ ཡུན་རིང་གི་ཤུལ་ལས་ འོང་འབབ་ཐོན་ནིའི་ལཱ་ཅིག་ ཨིན་མས་ཟེར་བཤད་པའི་ཁར་ ཁོ་གིས་ ཐོན་སྐྱེད་ཚུ་ ཕྱིར་བཙོང་འཐབ་ནིའི་ དམིགས་གཏད་ཡོདཔ་ཨིན་པས།

ལུགས་གཉིས་ལས་ཨིན་མི་ ལྷ་མོ་གིས་ཡང་ དངུལ་ཐོག་དེ་ འཛུགས་སྐྱོང་འབད་ཡོདཔ་ད་ མོ་གིས་བཤད་མིའི་ནང་ ཐོན་སྐྱེད་དོན་ལུ་ ཡུན་རིང་བསྒུག་སྡོད་དགོཔ་ལས་ སོ་ནམ་པ་ཚུ་གིས་ དེ་བཟུམ་མའི་ ལཱ་འབད་ནི་ལུ་ དང་འདོད་མི་བསྐྱེད་པས་ཟེར་ མོ་གིས་བཤདཔ་ཨིན་པས།

ཤར་ཕྱོགས་རྫོང་ཁག་ཚུ་ནང་འབད་བ་ཅིན་ དངུལ་ཐོག་དེ་གི་ ཐོན་སྐྱེད་ལེགས་ཤོམ་ཡོད་རུང་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ སོ་ནམ་པ་མང་ཤོས་ར་ ལས་མི་མ་ཐོབ་པའི་ དཀའ་ངལ་ཡོདཔ་ཨིན་པས།

དར་མགོ་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ ནད་ཡམས་ཀྱི་གནས་སྟངས་ལུ་བརྟེན་ མི་མང་ཤོས་ར་ ལཱ་མེད་པར་ ཡོདཔ་ལས་ ལས་མི་མ་ཐོབ་པའི་དཀའ་ངལ་ མིན་འདུག་ཟེར་ཨིན་པས།

ཨིན་རུང་ སྤ་རོ་ལུ་ ཆུའི་དཀའ་ངལ་དེ་ སོ་ནམ་པ་ཚུ་ལུ་ གདོང་ལེན་སྦོམ་ཤོས་ཅིག་ཨིན་རུང་ འདས་པའི་བདུན་ཕྲག་དག་པ་ཅིག་ནང་ ཆརཔ་རྐྱབ་མི་དེ་གིས་ ཁོ་ལུ་ ཕན་ཐོགས་ཏེ་ཡོདཔ་ད་ ཁོ་ལུ་ ཆུ་མཛོད་ཡང་ ཡོདཔ་ཨིན་པས།

ཧ་ཟེ་ལས་འགུལ་གྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ཆུའི་དཀའ་ངལ་དང་ ལས་མི་མ་ཐོབ་མི་ དེ་ལས་ ས་ཆ་ལངམ་སྦེ་མེད་པའི་ དཀའ་ངལ་འདུག་ཟེར་ཨིན་པས།

ཧཱ་ལས་ཨིན་མི་ ཆོས་འདས་ཀྱིས་ སྤྱི་ལོ་༢༠༡༦ ལས་ ཧ་ཟེ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ད་ མོ་གིས་ དུས་ཅིའི་ལོ་ནང་ ཐོན་སྐྱེད་འབད་ཚུགས་པའི་ རེ་བ་བསྐྱེད་ཡོད་རུང་ ད་ལྟོ་ རྡོག་མ་མ་བཏགས་པར་ཡོདཔ་ལས་ དུས་ཚོད་འཕྲོ་བརླག་རྐྱངམ་གཅིག་ ཨིན་མས་ཟེར་བཤདཔ་ཨིན་པས།

ལས་འགུལ་གྱི་ བརྡ་དོན་འགོ་དཔོན་ ལྷ་སྐྱིད་འོད་ཟེར་གྱིས་ སླབ་མིའི་ནང་ སྤུས་ཚད་ཡོད་མི་ ཐོན་སྐྱེད་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༤ རེ་བྱིན་ནིའི་ ཁ་སླབ་སྟེ་ཡོད་ཟེར་ཨིནམ་ད་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ཡང་ གོང་ཚད་ དེ་ལུ་ དབྱེ་ཞིབ་འབད་ཡོདཔ་ལས་ སོ་ནམ་པ་ཚུ་ལུ་ ཉེན་ཁ་མེད་པའི་ཁར་ མ་འོངས་པའི་དོན་ལུ་ ཡུན་བརྟན་གྱི་ འཆར་གཞི་འབད་ཚུགས་ཟེར་ཨིན་པས།

ད་རེས་ ཁྱིམ་གུང་༡༡,༠༠༠ དེ་ཅིག་གིས་ དངུལ་ཐོག་དེ་ འཛུགས་སྐྱོང་འབད་ཡོདཔ་ད་ ལས་འགུལ་གྱིས་ ལྕངམ་ས་ཡ་༧ དེ་ཅིག་ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ སྤ་རོ་དང་ ཧཱ་ལུང་གཤོང་ནང་འབད་བ་ཅིན་ སོ་ནམ་པ་༡༤༠༠ དེ་ཅིག་གིས་ ལས་འགུལ་དང་གཅིག་ཁར་ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *