སྤ་རོ་ཨེཕ་སི་གིས་ ཤྲཱི་ལངྐ་ཌི་ཕེནསི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་སྟེ་ སྤྲོ་བ་སྟོན་པའི་བསྒང་།

སྤ་རོ་ ཕུཊ་བཱོལ་ཨེཕ་སི་ སྡེ་ཚན་གྱིས་ རྒྱ་གར་བེང་ག་ལུ་རུ་དང་ རྩེད་འགྲན་འབད་ནི།

༉ ཁ་ཙ་ སྤྱི་ལོ་༢༠༢༠ གི་ ཨེ་ཤི་ཡ་ཕུཊ་བཱོལ་ཚོགས་སྡེའི་ སྐོར་ཐེངས་དང་པའི་རྩེད་འགྲན་ཐེངས་༢ པའི་ནང་ སྤ་རོ་ཨེཕ་སི་སྡེ་ཚན་དང་ ཤྲཱི་ལངྐ་ཌི་ཕེནསི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ གཱོལ་འདྲན་འདྲ་བཙུགས་ཅི།
ཨིན་རུང་ སྤ་རོ་སྡེ་ཚན་གྱིས་ འདས་པའི་བདུན་ཕྲག་ནང་ ཤྲི་ལངྐ་ལུ་ རྩེད་འགྲན་འབད་བའི་སྐབས་ གཱོལ་༣ བཙུགས་མི་ལུ་བརྟེན་ སྐོར་ཐེངས་༢ པའི་ནང་ རྩེད་འགྲན་འབད་ནིའི་ གོ་སྐབས་ཐོབ་ནུག།
རྩེད་འགྲན་གྱི་ ལམ་ལུགས་ནང་ སྡེ་ཚན་གྱི་བར་ན་ རང་སོའི་རྒྱལ་ཁབ་དང་ བྱང་ཕྱད་སྡེ་ཚན་གྱི་ རྒྱལ་ཁབ་ནང་ རྩེད་འགྲན་འབད་དགོཔ་ལས་ གཱོལ་མང་སུ་ ག་གིས་བཙུགས་མི་དེ་གིས་ སྐོར་ཐེངས་༢ པའི་ནང་ འགྱོ་ནི་གི་ གོ་སྐབས་ཐོབ་ཨིན་པས།
སྤྱི་ཟླ་༡ པའི་ཚེས་༢༢ ལུ་ སྡེ་ཚན་གཉིས་ཀྱིས་ ཤྲཱི་ལངྐ་ལུ་ རྩེད་འགྲན་འབད་བའི་སྐབས་ གཱོལ་༣ རེ་བཙུགས་ཡོདཔ་མ་ཚད་ ཁ་ཙའི་རྩེད་འགྲན་ནང་ཡང་ གཱོལ་༢ རེ་ འདྲན་འདྲ་བཙུགས་ཅི།
སྤ་རོ་ཨེཕ་སི་སྡེ་ཚན་གྱི་ སློབ་སྟོན་པ་ བྱང་ཆུབ་རྡོ་རྗེ་གིས་ ཁ་ཙའི་རྩེད་འགྲན་ནང་ སྡེ་ཚན་གྱིས་ དམིགས་འཆར་བསྐྱེད་དོ་བཟུམ་ གཱོལ་བཙུགས་མ་ཚུགས་ཟེར་ བཤདཔ་ཨིན་པས།
ཤྲཱི་ལངྐའི་སྡེ་ཚན་གྱི་ སློབ་སྟོན་པ་ དུ་ལི་ལིང་ཀོན་ཨིསི་ཊིང་ཝེལ་གྱིས་ སླབ་མིའི་ནང་ ཁོ་གི་ རྩེད་འགྲན་པ་ཚུ་གིས་ རྩེད་འགྲན་ལེགས་ཤོམ་འབད་ཡོདཔ་མ་ཚད་ བྱང་ཕྱད་སྡེ་ཚན་གྱིས་ཡང་ ལེགས་ཤོམ་སྦེ་ རྩེད་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ དུས་ཡུན་སྐར་མ་༡༢ ལངམ་ད་ བཙན་སྐྱོགས་རྒྱལ་མཚན་གྱིས་ གཱོལ་༡ བཙུགས་ཡོད་རུང་ སྐར་མ་༤ དེ་ཅིག་ཤུལ་ལས་ བྱང་ཕྱད་སྡེ་ཚན་གྱིས་ཡང་ གཱོལ་༡ བཙུགས་ཅི།
བར་མཚམས་ལས་ ལོག་རྩེད་འགྲན་འབདཝ་ད་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ གཱོལ་བཙུགས་པའི་ཤུལ་ལས་ ཤྲཱི་ལངྐ་གིས་ གཱོལ་༡ བཙུགས་ཏེ་ འདྲན་འདྲ་སོང་ཡི།
རྩེད་འགྲན་པ་དྲག་ཤོས་ བཙན་སྐྱོགས་རྒྱལ་མཚན་གྱིས་ ཁ་ཙ་ ལེགས་ཤོམ་སྦེ་ རྩེད་མ་ཚུགས་རུང་ སྡེ་ཚན་གྱིས་ སྐོར་ཐེངས་གཉིས་པའི་ནང་ བེང་ག་ལུ་རུ་ཨེབ་སི་སྡེ་ཚན་དང་ རྩེད་འགྲན་འབད་ནིའི་ གོ་སྐབས་ཐོབ་མི་ལུ་ སེམས་དགའ་ཡི་ཟེར་ བཤདཔ་ཨིན་པས།
རྩེད་འགྲན་དེ་ སྤྱི་ཟླ་༢ པའི་ཚེས་༥ ལུ་ ལྕང་གླིང་མི་ཐང་ནང་ རྩེད་འགྲན་འབད་ནི་ཨིན་པས།
སྤ་རོ་ཨེཕ་སི་སྡེ་ཚན་གྱི་ བཱོལ་བཟུང་མི་ རྒྱལ་མཚན་བཟང་པོ་དེ་ རྩེད་འགྲན་འབདཝ་ད་ ཁོ་རའི་སྡེ་ཚན་གྱི་ ཆ་རོགས་དང་ ཁ་ཐུག་རྐྱབ་སྟེ་ ནདཔ་ཐོན་པའི་ཤུལ་ལས་ སྨན་ཁང་ནང་ སྐྱེལ་དགོཔ་བྱུང་ཡོད་རུང་ ད་ལྟོ་ གནས་སྟངས་ལེགས་ཤོམ་ཐོག་ལུ་ ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་ནོར་བུ།

 

About admin

Check Also

གཞུང་གིས་ བཟོ་སྐྲུན་ཅ་ཆས་ཚུ་ ནང་འདྲེན་འབད་ནི་ལུ་ རྩ་འགེངས་དོ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ ནང་འདྲེན་འབད་ནི་ལུ་ དཀའ་ངལ་ཐོན་ཡོད་པའི་གུ་ ད་རེས་ཡང་ སྔར་ག་ཨིནམ་སྦེ་ར་ ནང་འདྲེན་འབད་མ་ཚུགས་རུང་ གཞུང་གིས་ དཀའ་ངལ་སེལ་ཐབས་འབད་ནི་ལུ་ ཆ་རོགས་འབད་བཞིན་དུ་ཡོད་ཟེར་ཨིན་པས། དཀའ་ངལ་དེ་ཡང་ གཙོ་བོ་ར་ ནད་ཡམས་ཀོ་བིཌ་-༡༩ …

Leave a Reply

Your email address will not be published. Required fields are marked *